འདི་ནི་ཚོད་ལྟའི་ཐོག་བཟོས་པའི་དྲ་ཚིགས་བཟོ་བཀོད་ཞིག་ཡིན། བཟོ་བཀོད་འདི་ཉོ་འདོད་ཡོད་ན། གློག་འཕྲིན་ཁ་བྱང་iphoeniz@gmail.com ཐོག་འབྲེལ་བ་གནང་རོགས། བཟོ་བཀོད་གཞན་ཁག་ལ་གཟིགས་འདོད་ན། འདིར་གནོན།

ས་ཡོམ།

Friday, May 8, 2015

འཛམ་གླིང་ནི་ཉི་མ་ནས་བརྩིས་པས་གཟའ་སྐར་གསུམ་པ་དང༌། སེམས་ཅན་གྱི་རིགས་ས་ཡ་མང་པོའི་ཚེ་སྲོག་འཚོ་གནས་ཐུབ་པའི་ཁང་བཟང་ཞིག་ཡིན། ཚེ་སྲོག་འཚོ་གནས་ཀྱི་ཁོར་ཡུག་ལྡན་པའི་གཟའ་སྐར་གཞན་དག་ཡོད་པར་སྨྲ་མཁན་འདུག་ཀྱང་དོན་དངོས་སུ་སྲོག་ལྡན་གནས་སའི་གཟའ་སྐར་ནི་འཛམ་གླིང་ཁོ་ན་ཡིན་པར་སྙམ། འཛམ་གླིང་འདི་ནི་ས་ཆུ་རྡོ་རླུང་སོགས་ལས་གྲུབ་པའི་ཟླུམ་གཟུགས་ཀྱི་དངོས་པོ་ཤིན་ཏུ་ཆེ་བ་ཞིག་ཡིན་ཞིང་དགུ་ཚིགས་སྐྱ་མོའི་སྐར་མ་བྱེ་བ་མང་པོའི་ཁྲོད་ཀྱི་ཉི་མ་ཞེས་པའི་སྐར་ཆེན་ལ་འཁོར་བཞིན་པའི་གཟའ་སྐར་དགུའི་ནང་ཚན་ཞིག་ཡིན། དགུ་ཚིགས་སྐྱ་མོ་འདི་དང་འདྲ་བའི་སྐྱ་མོ་བྱེ་བ་མང་པོ་ཕྱོགས་འདུས་ཀྱི་གོང་བུ་དེར་འཇིག་རྟེན་གྱི་ཁམས་ཞེས་བརྗོད་པ་དང༌། ང་ཚོའི་འཛམ་གླིང་འདི་ནི་འཇིག་རྟེན་གྱི་ཁམས་འདིའི་ནང་གི་ཆ་ཤས་ཆུང་ངུ་ཞིག་ཡིན་མོད། གོང་དུ་བརྗོད་པ་བཞིན་མི་དང་སེམས་ཅན་གཞན་མང་པོ་ཞིག་གི་ཁྱིམ་ཚང་ལྟ་བུ་ཞིག་ཆགས་ཡོད་པ་རེད། སེམས་ཅན་དང་རྩི་ཤིང་གི་རིགས་ས་སྟེང་འདིར་འཚོ་གནས་ཐུབ་པའི་རྒྱུ་མཚན་ནི་ཉི་མ་དང་རྒྱང་ཚད་འཚམ་པོ་ཞིག་ཡོད་པའི་ཆ་ནས་ཡིན།

གལ་སྲིད་ཉི་མ་དང་རྒྱང་ཐག་ཉེ་རིང་གི་ཁྱད་པར་ཅུང་ཟད་ཤོར་ཡང་གནམ་གཤིས་ཚ་གྲང་མི་སྙོམས་པར་འགྱུར་བའི་རྐྱེན་གྱིས་སྲོག་ཆགས་རྣམས་གནས་མི་ཐུབ། རྡོའི་ཆགས་རིམ་སྲབ་མོ་ས་ཤུན་1ཞེས་པ་དེ་ལས་འཛམ་གླིང་གི་ཕྱི་ངོས་གྲུབ་པ་དང་སྲོག་ཆགས་ཀུན་ཀྱང་ཤུན་པ་འདིའི་སྟེང་དུ་གནས་ཡོད།

ད་ལྟའི་འཛམ་གླིང་འདི་གདོད་མ་ཉིད་ནས་གངས་རི་དང༌། ལྗཽན་ཤིང༌། རྒྱ་མཚོ་སོགས་མཛེས་སྡུག་གི་བཀོད་པ་ཀུན་རང་ཆས་སུ་གྲུབ་པ་ཞིག་མིན། ཐོག་མར་འཛམ་གླིང་འདི་རླངས་གཟུགས་ཀྱི་སྤྲིན་གྱིས་ཁྱབ་ཅིང་བརླན་གཤེར་མེད་པའི་གོ་ལ་ཞིག་ཡིན། དེ་ནས་མི་ལོ་བྱེ་བ་ ༤ ལྷག་ཙམ་གྱི་རིང་འགྱུར་བ་ཧ་ཅང་ཆེན་པོ་ཕྱིན་ཡོད། འཇིག་རྟེན་ཐོག་མི་རྣམས་ཀྱིས་རང་ཉིད་ཀྱི་འཚོ་ཐབས་དང་འབྲེལ་ཏེ་སའི་གོ་ལ་འདི་ལ་ལྟ་ཚུལ་མི་འདྲ་བ་དུ་མ་ཞིག་ཡོད་པ་རེད། དཔེར་ན། ཞིང་པ་ལྟ་བུར་མཚོན་ན། ས་གཞི་འདི་ཆུ་ལུད་ཕུན་སུམ་ཚོགས་པའི་ས་ཞིང་འདེབས་ལས་བྱེད་པའི་གཞི་ལྟ་བུར་མཐོང་ཞིང་གཉན་པ་ཚོས་མཐའ་མེད་པའི་ཆུའི་ཁམས་ཤིག་ཏུ་མཐོང་གིན་ཡོད་པ་ལྟར་རེད། སྔོན་དུས་ས་གཞི་རིལ་མོའི་གསང་བ་དཔྱིས་ཕྱིན་པ་མི་ཤེས་པའི་གང་ཟག་འགའ་རེས་ས་གཞི་འདི་རྦད་དེ་ཟླུམ་པོ་ཡིན་པའི་ཁས་ལེན་བྱས། འོན་ཀྱང་དེང་དུས་ཚན་རིག་པས་འདི་རྦད་དེ་ཟླུམ་པོ་མིན་ཟེར། རྒྱུ་མཚན་ནི། ས་གཞིའི་ལྷོ་བྱང་གི་སྣེ་མོ་གཉིས་ཕྲན་བུ་ལེབ་ལེབ་ལྟ་བུར་གྲུབ་ཡོད་པ་དང༌། ས་གཞིའི་ལྷོ་སྣེ་ནས་བྱང་སྣེའི་བར་གྱི་རིང་ཚད་དེ་སའི་གོ་ལའི་སྐེད་ཐིག་ལས་ཐུང་བ་ཡོད།

བྱང་སྣེ་ནས་ལྷོ་སྣེའི་བར་གྱི་རིང་ཚད་ལ་མི་ལི་ ༧༨༩༩་༨༣ ཐམ་པ་དང༌། འདི་ནི་སྐེད་ཐིག་གི་རིང་ཚད་ལས་མི་ལི་ ༢༦་༥༨ ཐུང་བ་ཡོད། ས་གཞིའི་སྐེད་ཐིག་གི་རིང་ཚད་ལ་མི་ལི་༧༩༢༦་༤༡ ཐམ་པ་ཡོད།

དེ་འགྲེལ་བཤད་འདི་ཙམ་གྱིས་འཛམ་གླིང་གི་གནས་ཚུལ་ཆ་ཚང་བར་རྒྱུས་ལོན་བྱེད་མི་ཐུབ། ད་ལྟའི་བར་གནའ་དེང་གི་ཚན་རིག་པ་དང༌། ལྟ་གྲུབ་པ། སྙན་ངག་མཁན་སོགས་བསམ་བློ་བ་ཆེས་མང་པོས་ས་གཞི་རིལ་མོའི་བྱུང་རིམ་ཐད་ཀྱི་སོ་སོའི་ལྟ་ཚུལ་ཁག་འཇིག་རྟེན་གྱི་མི་རྣམས་ལ་སྙན་འཇེབས་ལྡན་པའི་ངག་ལམ་ནས་འགྲེལ་བརྗོད་ཡང་ནས་ཡང་དུ་བསྐྱོན་ཡོད། ཁོ་བོས་ཀྱང་དེ་དག་གི་བྱས་པ་བཟོ་བའི་དོན་དུ་རླབས་ཆེན་གྱི་སྐྱེ་བོ་དུ་མའི་གསུང་རྩོམ་ཁག་ལས་མཐོང་ཐོས་བྱུང་བའི་ས་གཞི་རིལ་མོ་དང་འབྲེལ་བའི་ཤེས་བྱ་ཉུང་བསྡུས་ཤིག་བོད་ཡིག་གི་ཐོག་ནས་འགྲེལ་བརྗོད་བྱེད་སྙམ། ཉེ་བའི་ཆར་ཚན་རིག་པ་མང་པོ་ཞིག་ནས་ས་གཞི་རིལ་མོའི་མ་འོངས་པའི་གནས་སྟངས་སྐོར་སེམས་ཚབས་ཆེན་པོ་གནང་བཞིན་ཡོད། དེ་ཡང་འཛམ་གླིང་གི་ཁོར་ཡུག་ལ་འགྱུར་བ་ཤུགས་ཆེ་ཕྱིན་པ་ལས་སེམས་ཅན་གྱི་རིགས་མང་པོ་ཞིག་དང་ལྷག་པར་དུ་ཚོའི་འཚོ་གནས་ལ་མེད་མི་རུང་གི་ཁོར་ཡུག་གི་ཆ་རྐྱེན་དུ་མ་ཞིག་ཉམས་ཉེས་སུ་འགྲོ་བཞིན་ཡོད། དེར་བརྟེན་མ་འོངས་དུས་རབས་གཉིས་ཙམ་གྱི་རྗེས་སུ་ས་གཞིའི་སྟེང་མིས་མཚོན་པའི་སྲོག་ལྡན་གྱི་རིགས་རྣམས་འཚོ་གནས་ཨེ་ཐུབ་སྙམ་པའི་སེམས་ཚབས་ཆེན་པོ་ཞིག་མི་བྱེད་རང་བྱེད་དུ་འཁེལ་ཡོད་པ་རེད།

འགྱུར་བ་འདི་རིགས་རང་བཞིན་གྱིས་བྱུང་བ་ཙམ་མིན་པར་མིའི་བྱ་སྤྱོད་དང་ཡང་འབྲེལ་བ་ཤུགས་ཆེ་ཡོད། འཛམ་གླིང་གི་ཚ་དྲོད་ཇེ་ཆེརཕྱིན་པ་དེས་ས་གཞིའི་བྱང་ལྷོ་གཉིས་ཀྱི་སྣེ་མོར་ཆགས་པའི་ཁྱག་རོམ་མང་དག་ཅིག་བཞུར་ཟིན་པ་དང༌། དེའི་རྐྱེན་གྱིས་སྐམ་སའི་ཆ་ཤས་མང་པོ་ཞིག་ད་ལྟ་ནས་ཆུའི་འོག་ཏུ་ནུབ་བཞིནཡོད་པ་རེད། དེ་བཞིན་ཆུ་ལོག་སོགས་འབྱུང་བའི་གནོད་པ་ཚབས་ཆེ་བ་མང་པོ་ཞིག་ཡང་ནས་ཡང་དུ་འབྱུང་བཞིན་ཡོད་སྟབས་ཚང་མས་ཁོར་ཡུག་སྲུང་སྐྱོབ་ཐད་བསམ་གཞིགས་ནན་པོ་བྱེད་དགོས་པ་ཡིན། དཔེར་ན་རྒྱ་གར་ལྟ་བུར་དུས་རབས་ཉི་ཤུ་པའི་ནང་ཚབས་ཆེ་བའི་འབྱུང་བའི་གནོད་པ་དུ་མ་བྱུང་སྟེ་སེམས་ཅན་ས་ཡ་མང་པོའི་ཚེ་སྲོག་ཤོར་ཡོད་ཅིང་རྒྱལ་ཁབ་ཀྱི་དཔལ་འབྱོར་ཐད་ལའང་གྱོང་གུད་ཚབས་ཆེ་ཐེབ་ཡོད། དེའི་ནང་ནས་ཚབས་ཆེ་བ་ཞིག་ནི་ས་ཡོམ་ཡིན།

དེ་ཡང་རྒྱ་གར་གི་ས་ཆ་མང་པོ་ཞིག་ས་ཡོམ་གྱི་ཉེན་ཁའི་འོག་ཏུ་ཚུད་ཡོད་ཅིང༌། དེའི་ནང་ནས་དྷ་རམ་ས་ལ་ཡང་ཉེན་ཁ་ཆེ་བའི་གྲས་ཞིག་ཡིན། རྡ་ས་འདི་རྒྱ་གར་གྱི་ས་རིམ་གྱི་མཚམས་སུ་འཁེལ་ཡོད་པ་དང་རྡ་སའི་ས་ཤུན་འོག་གི་བྲག་རྡོར་གས་ཆགས་ཀྱང་ཤོར་ཡོད་པ་རེད།

ས་ཤུན་ལ་ཕྱི་ནང་གཉིས་ལས་ང་ཚོས་མཐོང་ཐུབ་པའི་སྐམ་སའི་ཕྱི་ངོས་དང་མཚོ་གཏིང་གི་ས་གཞི་2རྣམས་ཕྱིའི་ས་ཤུན་གྱི་ཆ་ཤས་ཤིག་ཡིན། ས་ཤུན་འདིའི་མཐུག་ཚད་ལ་རིམ་པ་དུ་མ་ཡོད། དཔེར་ན། རྒྱ་མཚོའི་འོག་གི་ས་ཤུན་ལ་ཀི་ལོ་མི་ཊར་ ༨ ཀྱི་མཐུག་ཚད་དང་ལྡན་ཞིང་སྐམ་སའི་ཐོག་གི་ཕྱིའི་ས་ཤུན་ལ་ཀི་ལོ་མི་ཊར་ ༤༠ མཐུག་ཚད་ལྡན་ཡོད་པ་རེད། ས་ཤུན་ནང་ངོས་ཀྱི་ཤུན་པའི་རིམ་པ་རྫོགས་ཉེའི་མཚམས་ཀྱི་ཚ་ཚད་ལ་ཕེ་རི་ནཡིཊ་ ༡༦༠༠ སེལ་སི་ཡཱས་༨༧༠ ཡོད་པ་དང་དེར་ཡོད་ས་རྡོ་སོགས་རྫས་རིགས་ཀུན་ཚ་དྲོད་ཆེ་བས་ལམ་སེང་བཞུ་འགྲོ་ཡི་ཡོད་པ་རེད། འོ་ན་ས་ཤུན་འདི་རྒྱུ་རྫས་གང་ལས་གྲུབ་བམ་སྙམ་ན། འདི་ནི་གཙོ་བོ་ཚ་དྲོད་གནོན་བཙིར་གྱི་བྲག་རྡོ་3དང༌། ཡང་ཟེར་ཅན་གྱི་བྲག་རྡོ།4 མ་ཞུན་གྱི་བྲག་རྡོ་5སོགས་ལས་གྲུབ་པ་ཞིག་ཡིན་པ་རེད།

འཛམ་གླིང་འདིར་འགྱུར་ལྡོག་ཇི་ལྟར་འབྱུང་བཞིན་ཡོད་དམ།

སའི་གོ་ལ་འདི་སྐད་ཅིག་ཕྲ་མོ་ཙམ་ཡང་མི་སྡོད་པར་དུས་རྟག་ཏུ་འགྱུར་བཞིན་ཡོད་པ་དང༌། གོ་ལའི་འགྱུར་བ་འདི་ནི་དེང་གི་ཚན་རིག་པ་རྣམས་ཀྱིས་རྡོའི་ཆགས་རིམ་དང་དེའི་དངོས་རྫས་སོགས་ལས་ཤེས་ཐབས་བྱེད་བཞིན་ཡོད་པ་དང༌། དེ་ཡང་གོ་ལའི་ལོ་རྒྱུས་ཁག་ས་ཤུན་གྱི་བྲག་རྡོའི་ནང་དུ་འཁོད་ཡོད་པ་དང༌། བྲག་རྡོ་རྣམས་འཛམ་གླིང་འདི་ཐོག་མར་གྲུབ་ནས་ད་ལྟ་བར་དུ་ཆགས་འཇིག་སྐྱར་གྲུབ་ཀྱི་འཁོར་སྐྱོད་ནང་གནས་ཡོད་པ་རེད། བྲག་རྡོ་རྣམས་རིམ་གྱིས་ཟད་པ་ལས་སྙིགས་བསགས་བྲག་རྡོ་གྲུབ་པ་དང༌། དེ་བསགས་པ་ལས་བྲག་རྡོའི་ཆགས་རིམ་དུ་མ་གྲུབ་པས་ས་གཤིས་རིག་པ་སྨྲ་བ་ཚོས་ཚུལ་འདི་དག་ལ་རྟོག་དཔྱོད་ཀྱིསདུས་དེ་དང་དེའི་ཚེ་ས་གཞིའི་གནས་སྟངས་དང༌། སེམས་ཅན་དང་རྩི་ཤིང་ཇི་འདྲ་ཡོད་མེད། དེ་དག་གི་འཚོ་གནས་ཇི་ལྟར་བྱེད་མིན་ཐད་འགྲེལ་བཤད་བྱེད་བཞིན་ཡོད། འོན་ཀྱང་བྲག་རྡོ་རེ་གཉིས་ཀྱིས་སྔོན་དུས་ཀྱི་བྱུང་རབས་གསལ་པོ་ཞིག་སྟོན་མི་ཐུབ་སྟེ། ཚ་དྲོད་དང་ལྷག་རླུང་སོགས་རྐྱེན་དུ་མས་བྲག་རྡོ་རྣམས་ཟད་ཅིང་ལོ་རྒྱུས་ཆ་ཚང་བ་ཞིག་ལྷག་མེད་པ་དང༌། བྲག་རྡོ་རྣམས་ཀྱིས་རང་ཉིད་གྲུབ་དུས་ཀྱི་ལོ་རྒྱུས་ལས་འབྲེལ་ཡོད་ཀྱི་བྱུང་རིམ་ཆ་ཚང་བ་ཞིག་སྟོན་མི་ཐུབ་ཀྱང་ཚན་རིག་པས་དུས་རབས་འདྲ་མིན་གྱི་བྲག་རྡོ་དུ་མ་བསྡུས་སྟེ་ཕན་ཚུན་ཞིབ་བསྡུར་གྱིས་དཔྱད་པ་ལས་དོན་གནད་གཞན་དག་ཀྱང་ཤེས་ཐུབ་པ་བྱུང༌།

ད་བར་གསལ་རྟོགས་བྱུང་བའི་གོ་ལ་འདིའི་ལོ་རྒྱུས་ནི་ཨི་ཨོན་སི་ཞེས་པའི་དུས་ཤིན་ཏུ་རིང་བའི་གསུམ་དུ་དབྱེར་ཡོད། དེ་གསུམ་ནི་ཨར་ཆིཡན་དང༌། པུརོ་ཊེ་རོ་ཛོཨེཁ། ཕེ་ནི་རོ་ཛོཨེཁ་བཅས་ཡིན། དེ་དག་གི་སྐོར་རྒྱས་པར་འབྲི་འདོད་ཡོད་ཀྱང་ཐེངས་འདིའི་བརྗོད་བྱ་དངོས་ས་ཡོམ་གྱི་སྐོར་ཡིན་སྟབས་མ་བྲིས་སོ།།

སྤྱིར་འཇིག་རྟེན་ཐོག་གི་སྣོད་བཅུད་ཀྱི་འགྱུར་བ་ཀུན་རྒྱུ་རྐྱེན་མང་དག་ཅིག་ལ་རག་ལས་པ་ཡིན་མོད་ས་ཡོམ་ནི་དེའི་རྒྱུ་རྐྱེན་ཆེ་གྲས་ཞིག་ཏུ་ངོས་འཛིན་པར་སྣང་སྟེ་དེས་དུས་ཡུན་ཐུང་ངུ་ཞིག་གི་ནང་འབྲེལ་ཡོད་སྣོད་བཅུད་གཉིས་ཀར་དོ་ཕོག་ཤུགས་ཆེ་འབྱུང་བས་ཡིན། ས་གཞི་དཔྱད་ཞིབ་པས་6ཧི་མ་ལ་ཡའི་རི་བོ་མཐོ་སར་གནས་པའི་བྲག་རྡོ་འགའ་རེའི་ནང་ནས་ཉ་ཕྱིས་7སོགས་རྙེད་པས་སྔར་ས་ཆ་འདི་ས་བབ་དམའ་ཤིང་མཚོས་ཁྱབ་སྟེ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད། དེ་ཡང་སའི་ཆགས་རིམ་འཕོ་འགྱུར་གྱི་ཐད་ནས་བཤད་པ་སྟེ་དེའི་སྐོར་འོག་ཏུ་འཆད་པར་བྱ།

ས་གཞི་འདིར་སྤྱིར་འགྱུར་བ་སྣ་ཚོགས་འབྱུང་བའི་རྒྱ་རྐྱེན་གཙོ་བོ་ནི་བཞི་སྟེ། དང་པོ་ནི། ཆུ་དང༌། འཁྱག་པ། རྫས། རྩི་ཤིང་སྐྱེ་བ་སོགས་ཀྱི་སྒོ་ནས་དང༌། ཡང་ས་གཞིའི་ཚ་ཚད་སོགས་ལ་འགྱུར་བ་ཕྱིན་ཏེ་ས་ཤུན་གྱི་བྲག་རྡོ་རྣམས་གས་པར་བརྟེན་ས་གཞི་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད། གཉིས་པ། འཇད་ཟ་8དང༌། གསུམ་པ། ས་རྡོ་གྲངས་འབོར་མང་པོ་རང་གནས་ནས་ཁ་བྲལ་དུ་ཕྱིན་ཏེ་ས་རུད་དང་འདམ་རུད་སོགས་བྱུང་སྟེ་འགྱུར་བ་འགྲོ་བ་དང༌། བཞི་པ། ས་ཤུན་དང་ས་ཡོལ་གོང་མ་9གཉིས་ལ་ས་རིམ་མི་འདྲ་བ་སུམ་ཅུ་ལྷག་ཙམ་ཡོད་པ་དང་ས་རིམ་10དེ་དག་མུ་མཐུད་ནས་དལ་བུར་འགུལ་བསྐྱོད་བྱེད་པར་བརྟེན་ས་རིམ་འགའ་ཞིག་གཅིག་ཐོག་གཅིག་བརྩེགས་ཀྱིས་ས་ཤུན་འབུར་དུ་ཐོན་ཏེ་རི་བོ་སོགས་གསར་དུ་གྲུབ་པ་དང༌། མ་ཟད་དེའི་དབང་གིས་ས་ཡོམ་དང་མེ་རི་འཐོར་བ་སོགས་ཀྱང་འབྱུང་བཞིན་ཡོད། འོན་ཀྱང་ས་ཡོམ་མང་ཆེ་བ་ཞིག་འགུལ་ཤུགས་ཧ་ཅང་ཆུང་བས་ང་ཚོས་ཚོར་མི་ཐུབ་པ་ཡིན།

འཛམ་གླིང་ཆགས་སྟངས་ཀྱི་སྐོར།

ང་ཚོའི་ས་གཞི་འདི་མ་མཐར་ཡང་མི་ལོ་བྱེ་བ་ ༤་༥ ཡས་མས་ཙམ་ཕྱིན་ཡོད་པ་དང་ད་བར་རྙེད་པའི་བྲག་རྡོ་རྙིང་ཤོས་ཀྱི་རིགས་རྣམས་མི་ལོ་བྱེ་བ་ ༤་༣ ཕྱིན་ཡོད་པར་ངོས་འཛིན་བྱེད། དེར་མ་ཟད་ཉི་མའི་ཁྱིམ་རྒྱུད་ཀྱི་ཆགས་སྟངས་ཐད་ལ་བཤད་སྲོལ་དུ་མ་ཞིག་འདུག ཚན་རིག་པ་མང་ཆེ་བས་ཉི་མའི་ཁྱིམ་རྒྱུད་འདི་གཅུས་སྒྲིམ་རྣམ་པ་ཅན་གྱི་སྐར་མའི་འདུས་ཚོགས་ཤིན་ཏུ་རྒྱ་ཆེ་བ་11སེ་པཡེ་རད་ལིང་ནེ་བུ་ལ་ཞིག་ལས་བྱུང་བར་བཤད་པ་དང༌། དེ་འདྲའི་སྐར་མའི་འདུས་ཚོགས་དེ་རླངས་གཟུགས་ཀྱི་སྤྲིན་དང༌། བྲག་དང༌། ལྕགས་རིགས་སོགས་རྡུལ་ཚད་ཙམ་གྱི་ཆེ་ཆུང་དུ་ཡོད་པའི་ཚོགས་པ་ཞིག་ལ་ཟེར། ཉི་མ་དེ་ཉིད་སྐར་ཚོགས་དེའི་དབུས་ཀྱི་ཆ་ཤས་ཞིག་ལས་བྱུང་བ་དང༌། རྡུལ་དང༌། རླངས་གཟུགས་ཀྱི་སྤྲིན་གྱི་ཆ་ཤས་གཞན་རྣམས་ཉི་མ་ལ་རླུང་འཁོར་ལྟར་འཁོར་ནས་གཡས་གཡོན་གྱི་རླངས་གཟུགས་དང༌། རྡུལ་རྣམས་རང་རང་གི་དབུས་ལ་བསྡུས་ཏེ་དེ་དག་གི་བོངས་ཚད་ཀྱང་གང་ཙམ་ཆེན་པོར་གྱུར་ནས་ཉི་མར་འཁོར་བཞིན་པའི་གཟའ་སྐར་རྣམས་གྲུབ་ཅེས་ཟེར། འོན་ཀྱང༌། ཚན་རིག་པ་ཁག་ཅིག་གིས་འདི་ཉིད་སྐར་མ་གཅིག་གས་འཐོར་ཕྱིན་པ་ལས་བྱུང་ཟེར། ལྟ་བ་འདི་ ༡༩༤༠ དང་ ༡༩༥༠ ཡི་སྐབས་སུ་དར་བ་ཞིག་ཡིན་འདུག ཁོང་རྣམ་པས་སྐར་མ་དེ་ཉིད་གས་འཐོར་ཕྱིན་པ་ན་དེའི་ཆ་ཤས་མང་པོ་ཞིག་ནམ་མཁའི་ཕྱོགས་གང་སར་འཐོར་བས་གར་ཡོད་ཤེས་མི་ཐུབ། ཡིན་ན་ཡང་དེའི་ཆ་ཤས་ཉུང་ངུ་ཞིག་དབུས་ཀྱི་ཐེན་ཤུགས་ཀྱི་ས་མཚམས་འོག་འཚུད་ཡོད་པ་དང་དེ་དག་གིས་གཅུས་སྒྲིམ་རྣམ་ཅན་གྱི་སྐར་མའི་འདུས་ཚོགས་དེ་གྲུབ། དེ་ཡང་དབུས་ཀྱི་ཆ་ཤས་དེ་ལས་ཉི་མ་དང༌། ཆ་ཤས་གཞན་རྣམས་ལས་སྐར་ཚོགས་གཞན་རྣམས་གྲུབ་པར་བཤད།

ཚན་རིག་པ་ཕལ་མོ་ཆེས་འཛམ་གླིང་འདི་ཐོག་མར་ཆུ་མེད་པའི་ས་རྡོའི་གོང་བུ་ཕྱོགས་ཐམས་ཅད་རླངས་གཟུགས་ཀྱིས་ཁྱབ་སྟེ་ཡོད་པ་ཞིག་ཏུ་འདོད་པ་དང༌། རྡོ་དེ་དག་གི་ནང་དུ་འོད་འཕྲོའི་ཁྱད་ནུས་ལྡན་པའི་རྫས་རིགས་12དུ་མ་ཡོད་ཟེར། དེའི་སྐབས་ས་གཞི་རིལ་མོའི་གཏིང་རིམ་གྱི་གནོན་ཤུགས་ག་ལེར་འཕེལ་རྒྱས་སུ་ཕྱིན་སྟབས་་གཏིང་རིམ་དུ་ཚ་དྲོད་ཤིན་ཏུ་ཆེན་པོ་ཆགས་ཏེ་དངོས་པོ་དེ་དག་བཞུ་འགོ་ཚུགས་པ་དང་མཉམ་ལྕགས་རིགས་སོགས་དངོས་རྫས་ལྕི་རིགས་ཀུན་ས་གཏིང་དུ་འཐིམ་པ་དང་དངོས་རྫས་ཡང་བའི་རིགས་སི་ལི་ཁེཊས་ ལྕགས་རིགས་མ་ཡིན་པའི་ཁམས་རྫས་དང་སྲོག་འཛིན་གྱི་རླུང་ལས་གྲུབ་པའི་རྡོ་ཞིག སོགས་ས་གཞིའི་གཏིང་རིམ་གྱི་གནོན་ཤུགས་ལ་བརྟེན་ནས་ཕྱིར་ཐོན་གྱིས་ས་གཞིའི་ཕྱི་ཤུན་ཐོག་མ་དེ་གྲུབ། དེར་མ་ཟད་ས་གཞི་རིལ་མོའི་གཏིང་རིམ་དུ་ཚ་དྲོད་ཧ་ཅང་ཆེ་སྟབས་རྫས་རིགས་མང་དག་ཅིག་ཕྱིར་ཐོན་གྱིས་བར་སྣང་དུ་འཕྱོ་ལྡིང་གིས་གནས་པ་ལས་ད་ལྟའི་རླུང་ཁམས་འདི་བྱུང༌། ཡང་རྫས་འགའ་རེས་བརླན་གཤེར་སོགས་གྲུབ་པ་དང༌། ས་བབ་དམའ་སར་མི་ལོ་བྱེ་བ་མང་པོའི་རིང་ཆུ་བསགས་པར་བརྟེན་མཐའི་རྒྱ་མཚོ་ཆེན་པོ་འདི་ཐོག་མར་གྲུབ་ཅེས་བརྗོད། སྐམ་སའི་ཐོག་གི་ཚྭ་སོགས་རྫས་རིགས་མང་པོ་ཞིག་ཆར་ཆུ་དང་རྒྱུག་ཆུས་འཁྱེར་ཏེ་རྒྱ་མཚོར་ཐིམས་པས་རྒྱ་མཚོ་འདི་ལན་ཚྭའི་རོ་ཅན་དུ་གྱུར།

 དེ་ཡང་རླུང་གི་གོ་ལའི་ནང་ཐོག་མར་ཡང་རླུང་དང༌། ཧེ་ལི་ཡམ། ན་རླུང། ཟེ་ཚེའི་རླུང་སོགས་ཡོད་པ་ནི་དེང་དུས་ཀྱི་གཟའ་སྐར་ཕུར་བུའི་རླུང་གི་གོ་ལ་དང་འདྲ། ཡང་ན། དེར་ནག་རྫས་འབར་རླངས་ཕོན་ཆེན་པོ་ཞིག་ཡོད་པ་དེ་གཟའ་སྐར་པ་སངས་ཀྱི་རླུང་གི་གོ་ལ་དང་མཚུངས། ཐོག་མར་ས་གཞི་འདིའི་རླུང་གི་གོ་ལའི་ནང་སྲོག་འཛིན་གྱི་རླུང་ཉུང་ཤས་ཞིག་ལས་མེད་པ་ལ་ཕྱིས་སུ་དེའི་ནང་སྲོག་འཛིན་གྱི་རླུང་ཇི་ལྟར་འཕེལ་རྒྱས་སུ་ཕྱིན་པ་ཡིན་ཅེ་ན། དེ་ནི་ཕལ་ཆེ་བ་རྩི་ཤིང་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན་ཏེ། རྩི་ཤིང་དེ་དག་གིས་ནག་རྫས་འབར་རླངས་འཚོ་བཅུད་དུ་བསྟེན་ཏེ་སྲོག་འཛིན་གྱི་རླུང་ཕྱིར་བཏོན་བྱེད་པ་ཡིན་པའི་ཕྱིར་རོ།།

གླིང་ཆེན་གྱི་བཟོ་དབྱིབས་ལ་འགྱུར་བ་བྱུང་ཚུལ།

ས་གཞི་རིག་པ་སྨྲ་བས་ད་ལྟའི་ཁ་འཐོར་གྱི་གླིང་ཆེན་རྣམས་ཐོག་མར་པན་ཇཡི་13ཞེས་པའི་སའི་གོང་བུའམ་གླིང་ཆེན་གཅིག་ཡོད་པ་དེ་ས་གྲུབ་པ་དང༌། དུས་དེའི་ཚེ་རྒྱ་མཚོའང་གཅིག་ལས་མེད་ཅིང་དེ་ལ་པན་ཐཱ་ལེ་ས་14ཅེས་བརྗོད་ཀྱི་འདུག འོན་ཀྱང་མི་ལོ་ས་ཡ་༢༠༠ ལྷག་ཙམ་གྱི་རྗེས་གླིང་ཆེན་དེ་རིམ་བཞིན་དུམ་བུར་ཕྱིན་ཏེ་གོནྜ་ཝ་ན་ལེནཌ་15དང༌། ལའོ་རེ་ཤིཡ་16ཞེས་པའི་གླིང་ཆེན་གཉིས་སུ་གྱུར། སྔ་མ་དེ་ཡང་རིམ་བཞིན་དུམ་བུར་ཕྱིན་ཏེ་གླིང་ཆེན་ཨ་ཕི་རི་ཁ་དང༌། ཨན་ཊརཁ་ཊི་ཀ། ཨོསི་ཊོ་ལིཡ། ལྷོ་ཨ་མི་རི་ཁ། རྒྱ་གར་དང་དེའི་ཉེ་བའི་གླིང་ཆེན་རྣམས་གྲུབ་པ་དང༌། ཕྱི་མ་དུམ་བུར་ཕྱིནཔ་ལས་ཡུ་རེ་ཤཨ་དང༌། བྱང་ཨ་མི་རི་ཁ་གཉིས་གྲུབ་ཡོད། འགྱུར་བ་དེ་རྣམས་མི་ལོ་ས་ཡ་མང་པོའི་རིང་ཕྱིན་ཞིང་ད་ལྟའི་དུས་སུའང་འགྱུར་བ་འགྲོ་བཞིན་ཡོད་པས་མི་ལོ་ས་ཡ་འགའ་ཞིག་གི་རྗེས་སུ་ད་ལྟའི་འཛམ་གླིང་གི་བཟོ་དབྱིབས་ལའང་འགྱུར་བ་ཆེན་པོ་ཞིག་འབྱུང་ངེས་ཡིན།

ས་རིམ་བཟོ་བཀོད་ཀྱི་རྣམ་བཞག་17ལ་བརྟེན་ནས་གླིང་ཆེན་བར་གྱི་གཡོ་འགུལ་18དང་རྒྱ་མཚོའི་འོག་གི་ས་ཤུན་གསར་གྲུབ་གཉིས་གསལ་བཤད་བྱེད་ཐུབ་པ་མ་ཟད། ས་གཞིའི་ཕྱི་ངོས་འགྲུབ་བྱེད་ཀྱི་ས་རྡོའི་རིམ་པ་དེ་ས་རིམ་མཁྲེགས་པོ་སུམ་ཅུའི་ནང་བགོས་ཡོད་ཅིང༌། ས་རིམ་དེ་དག་ས་ཡོལ་འོག་གི་རྡོ་ཁོལ་མའི་སྟེང་དལ་བུར་གཡོ་ཞིང་གནས་འཕོས་པ་ལས་དེར་བརྟེན་པའི་གླིང་ཆེན་དང་རྒྱ་མཚོའི་འོག་གི་ས་ཤུན་རྣམས་ཀྱང་རང་བཞིན་གྱིས་གནས་འཕོས་ཏེ་འགྱུར་བ་འབྱུང་བ་ཡིན། དེ་དག་ཕྱོགས་གང་དུ་གནས་འཕོ་བ་ཡིན་ཞེ་ན། འདི་ལ་རྣམ་པ་གསུམ་ཡོད་པ་ལས་དང་པོ་ས་རིམ་ཕན་ཚུན་ཕྱོགས་ཐ་དད་ཏུ་གཡོ་བས་རྒྱང་ཐག་རིང་དུ་འགྲོ་བ་དང༌། གཉིས་པ་གདུན་ཕྱོགས་སུ་གཡོ་བས་རྒྱང་ཐག་ཉེ་རུ་འགྲོ་བ་དང༌། གསུམ་པ་ཕན་ཚུན་མ་རེག་པར་ཕྱོགས་ཐ་དད་དུ་གཡོ་བ་བཅས་ཡིན། ས་ཡོམ་ཕལ་ཆེར་ས་རིམ་གཉིས་སམ་གསུམ་སོགས་ཀྱི་བར་མཚམས་དེར་འབྱུང་གི་ཡོད་རེད།

ས་ཡོམ་ཞེས་པ་གང་ཞེ་ན།

ས་ཡོམ་ནི་ཕྱིའི་ས་ཤུན་འོག་གི་བྲག་རྡོ་འགས་པའམ་བྲག་རྡོ་ཕོན་ཆེན་ཕན་ཚུན་གནས་སྤོ་བྱས་པ་ལས་ས་གཞི་གློ་བུར་དུ་གཡོ་བ་ལ་ཟེར། ཡང་འགའ་ཞིག་གིས་ས་ཤུན་འོག་གི་བྲག་རྡོར་གས་ཆག་བྱུང་བ་ལས་དེའི་གཡས་གཡོན་དུ་གནོན་ཤུགས་ཕོན་ཆེན་པོ་ཞིག་འདུས་བསགས་ཀྱིས་དེ་དག་གློ་བུར་དུ་འཐོན་པ་ལས་ས་གཞི་ལ་གཡོ་འགུལ་བྱུང༌། ནུས་ཤུགས་གང་འཐོན་པ་དེ་དག་ཀུན་ས་ཡོམ་གྱི་རླབས་སམ་གློག་རྒྱུན་འཕེལ་འགྲིབ་དམའ་བའི་སྒྲ་རླབས་ཀྱི་སྒོ་ནས་ཁྱབ་ཅིང་ས་གཞི་གཡོ་བར་བྱེད་ཟེར།

ས་ཡོམ་ནི་སའི་གོ་ལ་འདིའི་ཐོག་གི་འབྱུང་བའི་གནོད་ཤུགས་ཆེ་ཤོས་ཤིག་ཡིན་པ་དང༌། དེའི་ཤུགས་རྐྱེན་ནམ་མཇུག་འབྲས་ཀྱང་འཇིགས་སྐྲག་སྐྱེ་དགོས་པ་ཞིག་ཡིན་པ་ཚང་མས་མཁྱེན་ངེས་རེད། གལ་ཏེ་ས་ཡོམ་དྲག་པོ་ཞིག་འབྱུང་ཚེ་དེའི་མིའི་སྤྱི་ཚོགས་སུ་རྡུལ་ཕྲན་གྱི་འབར་མདེལ་འགས་འཐོར་བྱུང་བ་ལས་ཀྱང་ལྡབ་ཁྲི་སྟོང་མང་པོས་གཏོར་སྐྱོན་གཏོང་སྲིད། གཞན་ཡང་ས་ཡོམ་གྱིས་ས་རུད་དང་རྒྱུག་ཆུའི་ཁ་ཕྱོགས་འགྱུར་དུ་འཇུག་གི་ཡོད་པ་རེད། མཚོ་ནང་གི་སེམས་ཅན་དང་རྒྱ་མཚོའི་འོག་ཏུ་ས་ཡོམ་བྱུང་ཚེ་མཚོ་འཁྱོམ་གྱི་དྲག་རླབས་ལ་བརྟེན་ནས་རྒྱ་མཚོའི་མཐའ་འཁོར་ལ་འཚོ་བའི་མི་དང་སེམས་ཅན་གྱི་ཚེ་སྲོག་ལ་གནོད་ཚབས་ཆེན་པོ་འབྱུང་བ་མ་ཟད་དཔལ་འབྱོར་ཐད་གྱོང་གུད་ཧ་ཅང་ཆེན་པོ་ཐེབས་བཞིན་ཡོད་པ་རེད།

སྤྱིར་ས་ཡོམ་འགའ་ཞིག་གིས་དངོས་སུ་སེམས་ཅན་གྱི་ཚེ་སྲོག་སོགས་ལ་གནོད་ཀྱི་མེད་ཀྱང་དེ་ལས་བྱུང་བའི་ས་རུད་དང༌། ཁང་པ་དང་ཟམ་པ་སོགས་སྡིབ་སྐྱོན་འབྱུང་བ་ལས་སེམས་ཅན་གྱི་ཚེ་སྲོག་སོགས་ལ་གནོད་གྱོང་ཆེན་པོ་ཕྲད་ཀྱི་ཡོད། འོ་ན་ས་ཡོམ་ཤུགས་ཆེ་ཆུང་ཇི་ལྟར་འབྱུང་བ་ནི། ས་ཤུན་འོག་གི་བྲག་རྡོར་གས་ཆག་འབྱུང་ཚབས་ཆེ་ཆུང་དང་ས་རིམ་གནས་སྤོ་བྱེད་སྟངས་ལ་རག་ལས་པ་ཞིག་ཡིན། མང་པོ་ཞིག་གིས་ས་ཡོམ་ནི་སྐབས་སྐབས་སུ་མ་གཏོགས་མི་བྱུང་བར་སེམས་ཀྱང་དོན་དངོས་ཐོག་དེ་ལས་ལྡོག་ཏེ་ཉིན་ལྟར་ས་ཡོམ་འགུལ་ཤུགས་ཆུང་རིགས་ ༨༠༠༠ ལྷག་ཙམ་འབྱུང་བཞིན་ཡོད་ཅིང་དེ་དག་ལས་ས་ཡོམ་གཅིག་སྟོང་གཅིག་བརྒྱ་ཙམ་ཞིག་ང་ཚོས་ཚོར་མི་ཐུབ། འོན་ཀྱང་ས་ཡོམ་འགུལ་ཤུགས་འབྲིང་བ་ནི་ལོ་ལྟར་ཐེངས་བཞི་བཅུ་ཙམ་འབྱུང་ཞིང་དེས་སེམས་ཅན་གྱི་ཚེ་སྲོག་དང་རྒྱལ་ཁབ་ཀྱི་དཔལ་འབྱོར་ལ་གནོད་སྐྱོན་ཐེབས་བཞིན་ཡོད། འགུལ་ཤུགས་ཆེ་རིགས་ནི་ལོ་གཉིས་རེར་འབྱུང་ཞིང༌། དེ་ལས་ཀྱང་ཆེས་ཤིན་ཏུ་འགུལ་ཤུགས་ཆེ་རིགས་ནི་ལོ་བརྒྱ་རེར་འབྱུང་བར་བཤད།

ས་ཡོམ་མང་ཆེ་བ་ནི་ས་གཞིའི་གས་ཐིག་གི་ཐོག་འབྱུང་བ་དང༌། ས་འོག་གི་གནོན་ཤུགས་ལས་ས་གཞིའི་གས་ཐིག་གི་གཡས་གཡོན་དུ་ཡོད་པའི་བྲག་རྡོ་ཆེན་པོ་དེ་དག་ལ་གནོན་ཤུགས་ཆེ་རུ་སོང་ནས་མཐར་བྲག་རྡོ་དེ་དག་གས་པ་ལས་བྱུང་ཟེར། ས་ཡོམ་དེ་ཡང་སྤྱིར་ས་གཏིང་ཟབ་མོའི་འོག་ནས་འབྱུང་ཞིང་གས་ཆག་ཡོད་སའི་བསྟི་གནས་གཙོ་བོའི་19རིགས་ལ་ས་ཡོམ་གྱི་འབྱུང་གཞི་ཞེས་བརྗོད་ཀྱི་ཡོད་པ་རེད། ས་ཡོམ་མང་ཆེ་བའི་འབྱུང་གཞི་ནི་ས་སྟེང་ནས་མི་ལི་ ༤༥ ཀི་ལོ་མི་ཊར་༧༢ ཙམ་ཞིག་གི་འོག་ཏུ་ཡོད་པ་དང༌། ད་བར་གཏིང་ཟབ་ཤོས་ནི་ས་སྟེང་ནས་མི་ལི་ ༤༥༠ ཀི་ལོ་མི་ཊར་ ༧༠༠ ཐམ་པའི་འོག་ཏུ་བྱུང་ཡོད། ས་ཡོམ་གྱི་འབྱུང་གཞི་དེ་ཉིད་ཀྱི་ཕྱི་ཐོག་ཏུ་ཡོད་པའི་ས་གཞི་དེར་ས་ཡོམ་གྱི་ཐོག་དབུས་20ཞེས་བརྗོད་པ་དང་ས་ཡོམ་ཡང་ཤུགས་ཆེ་ཤོས་འདི་རུ་འབྱུང་གི་ཡོད་པ་རེད།

འོ་ན་ཐོག་དབུས་ནས་ས་གནས་གཞན་དུ་ཇི་ལྟར་ཁྱབ་ཅེ་ན།

ས་ཡོམ་གྱི་སྐབས་ས་ཤུན་ནང་དུ་ཡོད་པའི་བྲག་རྡོ་རྣམས་གནས་འཕོ་བྱུང་བ་ལས་འགུལ་ཤུགས་ཀྱི་ནུས་ཚད་ཆེན་པོ་འཕེལ་རྒྱས་ཀྱིས་དེ་ཉིད་ས་གཞིའི་ཐོག་རླབས་ཀྱི་སྒོ་ནས་ཁྱབ་པ་དང་འདི་ལ་ས་ཡོམ་གྱི་འགུལ་རླབས་21ཞེས་བརྗོད། འགུལ་རླབས་དེ་ཉིད་ཐོག་མའི་འབྱུང་གཞི་ནས་ཕྱོགས་གཞན་དུ་ཁྱབ་པ་དང་ཇི་ཙམ་གྱིས་འབྱུང་གཞི་ལས་ཐག་རིང་དུ་ཁྱབ་པ་དེ་ཙམ་གྱིས་འགུལ་རླབས་ཀྱི་ནུས་ཤུགས་ཀྱང་ཆུང་དུ་འགྲོ་བ་ཡིན། འགུལ་རླབས་དེ་ལའང་གཏིང་ཟབ་མི་ཟབ་གཉིས་ཏེ། དང་པོ་ཟབ་པ་ལའང་གནོན་བཙིར་ཅན་གྱི་འགུལ་རླབས་དང༌། བྲག་རྡོ་རྣམས་རྒྱབ་མདུན་སོགས་སུ་གཡོ་བར་བྱེད་པའི་འགུལ་རླབས་གཉིས་ཡོད།

གནོད་སྐྱོན་མང་ཆེ་བ་འདི་གཉིས་ལས་འབྱུང༌། སྔ་མས་ས་གཞི་ཀུན་འཐེན་པ་དང་གནོན་པའི་བྱ་བ་བྱས་པས་ཁང་པ་དང་བཟོ་བཀོད་ཀྱི་རིགས་རྣམས་འཁུམ་པ་དང་འཕེལ་ཞིང༌། ཕྱི་མས་བཟོ་བཀོད་ཀྱི་རིགས་རྣམས་དྲག་པོར་གཡོ་བར་བྱེད། གཉིས་པ་གཏིང་ཟབ་མེད་པའི་འགུལ་རླབས་དེ་ལའང་བྱམས་པའི་རླབས་22དང༌། ཆུ་རླབས་ལྟ་བུའི་འགུལ་རླབས་23ཅེས་གཉིས་ཡོད་ཀྱང་དེ་ལས་ས་གཞི་གཡོ་བའི་ཚོར་བ་ཙམ་ཞིག་ཡོང་ཐུབ་པ་དང་རྒྱུན་ཡང་ཅུང་ཟད་རིང་བ་ཡོད།

ས་ཡོམ་ལས་གནོད་སྐྱོན་འབྱུང་ཚུལ་དང་ཚབས་ཆེ་ཆུང་ཇི་ལྟར་ཡོད་པ་ནི།

ས་སྟེང་དུ་གནོད་སྐྱོན་ཚབས་ཆེ་འབྱུང་བ་མ་ཟད། གལ་ཏེ་རྒྱ་མཚོའི་འོག་ཏུ་ས་ཡོམ་ཆེ་བ་ཞིག་བྱུང་བ་ཡིན་ན་རྒྱ་མཚོའི་དྲགས་རླབས་ བྱབྱཙུ་ན་མི་བྱབྱ24 ཞེས་པ་མཐོ་ཚད་ལ་ཕི་ཊི་ ༡༠༠ ལས་ལྷག་པ་དང་མྱུར་ཚད་ལ་ཆུ་ཚོད་རེར་ཀི་ལོ་མི་ཊར་ ༨༠༠ ནས་ ༩༧༠ བར་འགྲོ་བསྐྱོད་ནུས་པ་དེ་འབྱུང་བའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པ་རེད། ཙུ་ན་མི་ཞེས་ཡོངས་གྲགས་ཀྱི་རྦ་རླབས་དྲག་པོ་འདི་ནི་ཉི་ཧོང་སྐད་དུ་གྲུ་ཚུགས་ཀྱི་རླབས་ཅེས་ཟེར། དོན་དངོས་ཐོག་འདི་ནི་རྒྱ་མཚོའི་ཐོག་ནས་ཕྱོགས་གང་སར་བསྐྱོད་བཞུད་བྱེད་པའི་ཆུ་རླབས་ཀྱི་རིམ་པ་ཞིག་སྟེ། མཚོ་ཁའི་ཉེ་འགྲམ་དུ་སླེབས་པ་ན་དེའི་མྱུར་ཚད་ཆག་ཅིང་མཐོ་ཚད་འཕར་གྱི་ཡོད་པ་རེད། ཆུ་རླབས་འདིར་མི་ཊར་ ༣༠ ནས་ ༥༠ བར་གྱི་མཐོ་ཚད་དང་ལྡན་ཞིང་ས་ཐོག་ཏུ་རྒྱུགས་ཚད་མྱུར་ཞིང་རྒྱུགས་ཤུགས་ཆེ་སྟབས་མཚོ་མཐའི་སྣོད་བཅུད་ཀུན་ལ་གཏོར་བཅོམ་ཆེན་པོ་ཐེབས་བཟིན་ཡོད། བློ་ཕམ་པ་ཞིག་ལ་དེའི་སྔོན་བརྡ་ནི་ས་ཐོག་ཏུ་འགུལ་བསྐྱོད་བྱེད་པ་ཙམ་ལས་མེད། ས་ཡོམ་གྱི་མཇུག་འབྲས་ཚབས་ཆེ་ཆུང་ནི་ཐོག་དབུས་ནས་ཇི་ཙམ་གྱི་རྒྱང་ཐག་རིང་བ་དེ་ཙམ་གྱིས་ས་ཡོམ་གྱི་འགུལ་ཤུགས་ཆུང་དུ་འགྲོ་བ་ཡིན། འོན་ཀྱང་ས་ཆའི་གནས་བབ་མི་འདྲ་བའི་དབང་གིས་མཇུག་འབྲས་སྣ་ཚོགས་པ་ཞིག་འབྱུང་བཞིན་ཡོད། དཔེར་ན། ས་རྡོ་འཁྲེགས་པོའི་སྟེང་དུ་ཡོད་པའི་ཁང་པ་དང༌། སྤྱིར་བཏང་གི་སའི་སྟེང་དུ་ཆགས་པའི་ཁང་པ་གཉིས་ཐོག་དབུས་ནས་རྒྱང་ཐག་མཉམ་ཡང་གནོད་ཚབས་ཆེ་ཆུང་གི་ཁྱད་པར་ཆེན་པོ་ཡོད་པ་ལྟར་ཡིན། ས་ཡོམ་ཆེ་བའི་རྗེས་སུ་འབྱུང་བའི་འགུལ་ཤུགས་ཕྱི་མའི་རིགས་སྐབས་རེ་ཉི་མ་འགའམ་གཟའ་འཁོར་གཅིག་གཉིས་འབྱུང་ཡང༌། སྐབས་འགར་འགུལ་ཤུགས་ཕྱི་མ་དེ་ས་ཡོམ་དངོས་ལས་ཀྱང་ཤུགས་ཆེ་བ་འབྱུང་བཞིན་ཡོད། དེས་ན་ས་ཡོམ་ཚབས་ཆེ་ཆུང་ཞེས་པ་སེམས་ཅན་གྱི་ཚེ་སྲོག་དང་དཔལ་འབྱོར་སོགས་ལ་གནོད་ཚབས་ཆེ་ཆུང་ལས་ཤོད་ཀྱི་ཡོད་པ་ལས་འགུལ་རླབས་ཀྱི་ནུས་པ་ཆེ་ཆུང་ཙམ་གྱིས་མིན།

འགུལ་རླབས་ཀྱི་ནུས་པ་ཚད་འཇལ་བར་ཡོངས་གྲགས་ཀྱི་ཐིག་ཤིང་གཉིས་ཡོད་པ་ལས་དང་པོ་མེར་ཁེལི་ཐིག་ཤིང་ནི་དུས་རབས་ཉི་ཤུའི་འགོ་ཕྲོད་ཀྱི་ཨི་ཊ་ལིའི་ས་འགུལ་དཔྱད་རིག་པ་སྐུ་ཞབས་ཇིཨུ་སེཔེ་མེར་ཁེལི་ཡིས་སྲོལ་གཏོད་པ་ཞིག་ཡིན། ཐིག་ཤིང་འདིས་ས་འགུལ་ཨང་གྲངས་ ༡ ནས་ ༡༢ བར་ཚད་འཇལ་བྱེད་ཀྱི་ཡོད་པ་རེད། ཐིག་ཤིང་འདིའི་སྟེང་གི་འགུལ་ཚད་ཨང་ཀི་ ༢ དང་ ༣ པ་ནི་ཕལ་ཆེར་རིཆི་ཊར་ཐིག་ཤིང་གི་འགུལ་ཚད་ཨང་ཀི་ ༣ དང་ ༤ དང་མཉམ་པ་དང༌། འདིའི་ ༡༡ དང་ ༡༢ ནི་དེའི་ ༨ དང་ ༩ པ་དང་མཉམ་པ་ཡིན། འོ་ན་འགུལ་ཚད་ཆེ་ཆུང་བཅུ་གཉིས་པོ་ཇི་ལྟར་ཡིན་ཞེ་ན། དེ་ཡོད་དེ།

༡ ཚོར་རྟོགས་ཤིན་ཏུ་དཀའ།
༢ ཁང་པའི་ཐོག་རྩེག་སྟེང་གི་མི་དང་ངལ་གསོ་བྱེད་བཞིན་པའི་མི་འགས་ཚོར་ཐུབ།
༣ ཁང་ཐོག་གི་མི་དང་ཁང་ནང་གི་མི་གཉིས་ཀས་ཚོར་ཐུབ། འོན་ཀྱང་མང་པོ་ཞིག་གིས་འདི་ས་ཡོམ་དུ་ངོས་འཛིན་མི་ཐུབ།
༤ ཉིན་དགུང་ཁང་པའི་ཕྱི་ལོགས་སུ་གནས་པའི་མི་འགའ་ཞིག་དང༌། ཁང་པའི་ནང་ལོགས་ཀྱི་མི་མང་པོས་ཚོར་ཐུབ་ཅིང༌། ཚན་མོར་ཅ་དངོས་རྣམས་འགུལ་བ་སོགས་ཚོར་ཐུབ།
༥ མི་ཕལ་ཆེར་གྱིས་ཚོར་ཐུབ་ཅིང༌། ཅ་དངོས་ལྷུང་བ་སོགས་བྱེད་པ་ཡིན།
༦ མི་ཀུན་གྱིས་ཚོར་ཐུབ།
༧ བཟོ་བཀོད་སྐྱོ་བའི་ཁང་པའི་རིགས་ལ་གནོད་ཚབས་ཆེན་པོ་འབྱུང་བཞིན་ཡོད།
༨ བཟོ་བཀོད་ལེགས་པའི་རིགས་ལའང་གནོད་ཚབས་ཕྲན་བུ་འབྱུང་བ་ཡིན།
༩ བཟོ་བཀོད་ལེགས་པའི་རིགས་ལའང་གནོད་ཚབས་གང་ཙམ་འབྱུང་ཞིང༌། ཁང་པ་བརྡིབས་པའི་གནས་སྟངས་ཀྱང་འབྱུང༌།
༡༠ གོང་གི་དེ་ལས་ཀྱང་གནོད་ཚབས་ཆེ་བ།
༡༡  བཟོ་བཀོད་ཀྱི་རིགས་འགའ་ཞིག་ལས་མི་ལྷག་པ་དང༌། ཟམ་པ་སོགས་བརྡིབས་པ།
༡༢ གནོད་ཚབས་ཤིན་ཏུ་ནས་ཆེའོ།།

གཉིས་པ། རིཆི་ཊར་ཐིག་ཤིང་ཞེས་པའི་མིང་འདི་ཨ་རིའི་ས་འགུལ་དཔྱད་ཞིབ་པ་སྐུ་ཞབས་ཅར་ལི་རིཆི་ཊར་གྱི་མཚན་དང་འབྲེལ་ནས་བཏགས་པ་ཞིག་ཡིན་པ་དང༌། ཐིག་ཤིང་འདིས་ས་ཡོམ་གྱི་ཐོག་དབུས་ནས་མི་ལི་ ༦༠ ཡས་མས་ཀྱི་ས་ཆར་འབྱུང་བའི་ས་འགུལ་ཚད་འཇལ་ཐུབ་པ་ཡིན། ཐིག་ཤིང་འདིའི་ཐོག་གི་ཨང་གྲངས་ཀྱིས་ཀྱང་ས་ཡོམ་སྐོར་གསལ་བཤད་བྱེད་ཐུབ་སྟེ། ཨང་གྲངས་ ༠ ནས་ ༤་༣ བར་གྱི་འགུལ་ཚད་ནི་ཁང་ཐོག་གོང་མར་ཡོད་པའམ་ངལ་གསོ་བྱེད་བཞིན་པའི་མིས་ཚོར་ཐུབ། ༤་༣ ནས་ ༤་༨ བར་གྱི་འགུལ་ཤུགས་ཀྱིས་མི་རྣམས་གཉིད་ལས་སློང་ཐུབ་པ་མ་ཟད་རི་དང་ལྗོན་ཤིང་སོགས་ཀྱང་འགུལ་བར་བྱེད་ཐུབ། ༤་༨ ནས་ ༦་༢ བར་གྱི་ས་ཡོམ་བྱུང་ཚེ་ཡར་ལང་དཀའ་བ་དང་འགྲོ་བསྐྱོད་མི་བདེ་བ་མ་ཟད་སྒེའུ་ཁུང་ཆག་པ་སོགས་ཀྱང་འབྱུང༌། ༦་༢ ནས་ ༧་༣ བར་གྱིས་ཁང་པ་དང་བཟོ་བཀོད་ཀྱི་རིགས་ལ་གནོད་པ་ཆེ་བ་དང་སྐབས་འགར་རྒྱུག་ཆུ་ལས་ཆུ་དག་ཕྱིར་འཐོན་པ་སོགས་ཀྱང་འབྱུང༌། ༧་༣ ནས་ ༨་༩ བར་གྱིས་གནོད་ཚབས་ཤིན་ཏུ་ཆེ་བའི་རིགས་ཏེ་ལམ་འགས་པ་དང་སར་གས་ཆགས་ཆེན་པོ་འབྱུང་བ་ཡིན།

ས་ཡོམ་གྱི་རྐྱེན་གྱིས་ཁྱིམ་ཚང་དང་ཤིང་ནགས་སོགས་ལ་མེ་ཤོར་བའི་གནས་ཚུལ་ཡང་ཧ་ཅང་མང་པོ་ཡོད། ཨ་རི་ལྟ་བུར་མཚོན་ན་ཕྱི་ལོ་ ༡༩༠༦ ལོར་ཨ་རིའི་ལོ་རྒྱུས་ནང་ས་ཡོམ་ཤུགས་ཆེ་ཤོས་དེ་བྱུང་བ་མ་ཟད་གནོད་ཚབས་ཆེ་ཤོས་ཀྱང་དེ་ཡིན་པ་རེད། དེས་སེན་ཕི་རེན་སིས་ཁོའོ་ཞེས་པའི་ས་གནས་དེར་ཉིན་གྲངས་གསུམ་ལྷག་ཙམ་རིང་མེ་གསོད་མ་ཐུབ་པས་མིའི་ཚེ་སྲོག་དང་དཔལ་འབྱོར་སོགས་ལ་གནོད་སྐྱོན་ཆེན་པོ་ཕྲད་ཡོད།

འོ་ན་ས་ཡོམ་དེ་གནས་གང་དུ་ཅིའི་ཕྱིར་འབྱུང་བ་ཡིན་ཞེ་ན།

འཛམ་གླིང་གི་ཕྱིའི་ས་ཤུན་ནི་ས་རིམ་ཆེ་བ་བཅུ་དང་ཆུང་བ་ཉི་ཤུ་དང་ལྡན་ཡོད། ས་རིམ་རེ་རེ་ལའང་ས་ཤུན་དང་ས་ཡོལ་གྱི་ཆ་འགའ་རེ་ཡོད་པ་རེད། དེ་དག་ས་ཡོལ་འོག་གི་བྲག་ཞུན་ཁོལ་མའི་སྟེང་དུ་དལ་བུར་གཡོ་ཞིང་གནས་འཕོ་བ་དང༌། གནས་འཕོ་བའི་ཚེ་ས་རིམ་ཐ་དད་པ་གཉིས་སམ་གསུམ་རྡུང་ཁ་ཤོར་བའམ། རྒྱང་ཐག་རིང་དུ་སོང་བ། ཡང་ན་ཕན་ཚུན་མ་རེག་པར་ཕྱོགས་གཞན་དུ་གནས་འཕོ་བ་སོགས་ཀྱང་འབྱུང་བཞིན་ཡོད།

ས་གཞིའི་གས་ཐིག་གམ་ས་ཤུན་སྟེང་གི་སེར་ཁ་དེ་ནི་ས་ཤུན་གཉིས་སོགས་གནས་འཕོ་བྱེད་པའི་གཞི་ཡིན་པ་དང༌། ས་གཞིའི་གས་ཐིག་གི་དུམ་བུ་འགའ་རེའི་གཡས་གཡོན་དུ་བྲག་རྡོ་རྣམས་ཁད་པས་ས་རིམ་འགུལ་བསྐྱོད་བཏང་སྐབས་དེ་དག་འགུལ་བསྐྱོད་བཏང་མ་ཐུབ་པར་བརྟེན་ས་གཞིའི་གས་ཐིག་གི་ཕྱོགས་ཀུན་ཏུ་གནོན་ཤུགས་ཕོན་ཆེན་པོ་ཞིག་རང་བཞིན་གྱིས་གསོག་ཀྱི་ཡོད་པ་རེད། ནམ་ཞིག་དེ་ཚད་ལས་རྒལ་བ་ན་དེར་འཁད་པའི་བྲག་རྡོ་རྣམས་གས་ཤིང་གནོན་ཤུགས་ཇི་ཙམ་ཞིག་ཕྱིར་འཐོན་ཐུབ་པ་དང་མཚུངས་པའི་ས་ཡོམ་འབྱུང་བ་ཡིན།

སེར་ཁ་གས་སའི་ཟུར་ཕྱོགས་རྣམས་གནས་འཕོ་བྱེད་སྟངས་ལ་གསུམ་ཡོད། འཛམ་གླིང་འདིའི་ཐོག་ས་ཡོམ་མང་ཆེ་བ་ནི་ས་གཞིའི་གས་ཐིག་དེ་དག་གི་ཁུལ་དུ་འབྱུང་གི་ཡོད་པས་འདི་ལ་ས་རིམ་ནང་ཁུལ་གྱི་ས་ཡོམ་ཞེས་ཀྱང་བརྗོད་ཀྱི་ཡོད། ས་གཤིས་རིག་པ་སྨྲ་བས་ས་གཞིའི་གས་ཐིག་དེ་དག་གི་ཉེ་འགྲམ་དུ་ས་ཡོམ་ལན་གཅིག་བྱུང་ཟིན་ཡང་ད་དུང་བསྐྱར་དུ་ས་ཡོམ་འབྱུང་བའི་ཉེན་ཁ་ཡོད་པར་ངོས་འཛིན་བྱེད། རྒྱུ་མཚན་གང་ཞེ་ན། དེའི་ནང་གི་གནོན་ཤུགས་ཆ་ཚང་ཕྱིར་ཐོན་ཟིན་པའི་ངེས་པ་སྦྲེད་པས་ཡིན། ཐོག་དབུས་ནི་ས་ཡོམ་གྱི་འབྱུང་གཞི་གཅིག་སྟེ། ས་ཡོམ་ཤུགས་ཆེ་ཆུང་གང་ཡིན་རུང་ཐམས་ཅད་དེའི་སྒོ་ནས་ཁྱད་པར་འགྱུར་བཞིན་ཡོད་པ་རེད། ཕྱི་ལོ་ ༢༠༠༥ ཡི་ལོར་རྒྱ་གར་གྱི་བྱང་ཕྱོགས་ས་ཁུལ་དུ་ས་ཡོམ་ཆེ་བ་ཞིག་བྱུང་བའི་སྐབས་ཚན་རིག་པས་མ་འོངས་པར་ཆུ་མོ་གངྒའི་གཡས་གཡོན་གྱི་ཕྱོགས་སུ་ས་ཡོམ་དེ་ལས་ལྡབ་བཅུ་ཙམ་གྱིས་
ཤུགས་ཆེ་བ་ཞིག་འབྱུང་རྒྱུའི་སྔོན་དཔག་བྱས་ཡོད།

མ་ཟད་ས་ཡོམ་གྱི་འཇིགས་སྣང་ཆེ་བའི་ས་གནས་གཞན་ཞིག་ནི་དྷ་རམ་ས་ལ་དང་དེའི་གཡས་གཡོན་གྱི་ཡུལ་ལུང་དེ་དག་ཡིན་པ་དང༌། ད་བར་ས་ཡོམ་ཚབས་ཆེ་ཆུང་ཤིན་ཏུ་མང་པོ་བྱུང་ཡང་དངོས་སུ་མཐོང་རྒྱུ་ཡོད་པའི་དེའི་གནོད་ཚབས་ཆེ་ཤོས་ཞིག་ནི་ཀངྒརའི་རྒྱལ་ཁང་དེ་ཡིན། ཕྱི་ལོ་ ༡༩༠༥ ལོར་ཀངྒརའི་ཁུལ་དུ་ས་ཡོམ་རིཆི་ཊར་ཐིག་ཤིང་ཐོག་ཨང་གྲངས་ ༧་༨ ཅན་ཞིག་བྱུང་བས་ཧི་མ་ཅལ་མངའ་སྡེའི་ཕྱོགས་གང་སར་དཔལ་འབྱོར་དང༌། སེམས་ཅན་གྱི་ཚེ་སྲོག་ལ་གནོད་ཚབས་ཆེན་པོ་བྱུང་ཡོད།

འདིར་ས་ཡོམ་མང་པོ་འབྱུང་དགོས་དོན་གང་ཡིན་སྙམ་པའི་དོགས་པ་ཞིག་ཁྱེད་རྣམས་པར་འབྱུང་སྲིད་པས་དེའི་རྒྱུ་མཚན་ནི། གོང་དུ་ཞུས་པ་བཞིན་ས་ཡོམ་མང་ཆེ་ཞིག་ས་ཤུན་ནང་གི་བྲག་རྡོར་གས་ཆག་བྱུང་སའམ་ས་རིམ་གྱི་མཐར་འབྱུང་བ་ལྟར། དྷ་རམ་ས་ལ་ཡང་རྒྱ་གར་གྱི་ས་རིམ་གྱི་མཐར་གནས་ཡོད་པས་ཡིན། རྒྱ་གར་གྱི་ས་རིམ་དེ་ནི་བྱང་ཡུ་ར་ཤིཡན་ས་རིམ་གྱི་ཕྱོགས་སུ་ལོ་ལྟར་མི་ལི་མི་ཊར་ ༤༠ ཙམ་སྤོ་བཞུད་བྱེད་ཀྱིན་ཡོད་པ་དང་མཚམས་དེར་ནུས་པ་ཕོན་ཆེན་པོ་ཞིག་གསོག་བཞིན་ཡོད་ཅིང་ནམ་ཞིག་ཚད་ལས་བརྒལ་བ་ན་ས་གཞི་གཡོ་བར་བྱེད་པའི་ས་ཡོམ་དུ་འགྱུར་འགྲོ་བ་ཡིན། ས་གཞི་ཚན་རིག་པ་མང་པོ་ཞིག་གིས་ཧི་མ་ལ་ཡར་ས་ཡོམ་ཤིན་ཏུ་དྲག་པོ་ཨང་གྲངས་ ༨་༠ ནས་ ༨་༥ བར་ཡིན་པ་ཞིག་འབྱུང་རྒྱུ་ལྷག་ཡོད་ཟེར།

ཉེ་བའི་ཆར་ཀ་ཤི་མིར་དུ་བྱུང་བའི་ས་ཡོམ་ཨང་གྲངས་ ༧་༦ དེས་རྒྱ་གར་དང་པ་ཀི་སི་ཐེན་ས་ཁུལ་ཁག་ནས་ཁྱོན་སྡོམ་མི་གྲངས་ ༧༥༠༠༠ གྱི་སྲོག་ཤོར་བ་དང་གནོད་སྐྱོན་ཆེན་པོ་ཕོག་ཡོད་པ་རེད། འབྱུང་གྱུར་གྱི་ས་ཡོམ་དེ་ནི་འདི་ལས་ཀྱང་ཚབས་ཤིན་ཏུ་ཆེ་བས་ཀུན་གྱིས་ཟབ་དགོས་པར་སྣང༌། དམིགས་གསལ་དྷ་རམ་ས་ལའི་ས་ཁུལ་དུ་གནས་པ་རྣམས་ཀྱིས་ངེས་པར་དུ་གཟབ་དགོས་པ་རེད།

འདི་ཁུལ་གྱི་ཁང་པ་དང་བཟོ་བཀོད་ཀྱི་རིགས་ཕལ་ཆེར་ས་ཡོམ་གྱིས་གནོད་སྐྱོན་ཤོར་ཆོག་ཆོག་ཤ་སྟག་ཡིན་ཅེས་དཔྱད་ཞིབ་པ་རྣམས་ཀྱིས་ཁ་གཅིག་པར་སྨྲ། ཁང་པ་ཐོག་རྩེག་ཅན་མང་པོ་བྱེད་པ་མང་པོ་ཞིག་ནི་གཡང་སའི་ཁར་དང༌། ས་རུད་སོགས་ཀྱི་ཉེན་ཁ་ཡོད་སར་ཆགས་ཡོད་པས་ས་ཡོམ་དེ་འབྱུང་སྐབས་དེ་དག་གཅིག་ཀྱང་མི་ལུས་པ་ཐག་ཆོད། གཙུག་ལག་ཁང་དང་དེའི་གཡས་གཡོན་དང༌། དྷ་སྟེང་བོད་ཁྱིམ་སོགས་ཀྱང་ས་ཡོམ་གྱི་ཉེན་ཁའི་འོག་ཚུད་ཡོད་པ་ཤ་སྟག་ཡིན་པས་ངེད་ཅག་རྣམས་ནས་ཟབ་དགོས་པ་ཙམ་དུ་མ་ཟད་ས་ཡོམ་གྱི་ཉེན་ཚབས་སྐོར་ཐ་ན་བྱིས་པ་ཡན་ཆད་ནས་ཤེས་པར་བྱེད་དགོས་པ་དང༌། དེ་ལས་ཐར་ཐབས་སོགས་ཀྱང་རང་གི་ཤེས་པར་བྱེས་ནས་གཞན་ལའང་བཤད་དགོས་པ་ནི་རང་གཞན་གཉིས་ཀར་ཕན་པའི་བྱ་བ་ཞིག་ཡིན་སྟབས་དེབ་དང༌། འབྲེལ་ཡོད་ལས་ཁུང་ནས་རྒྱས་པར་མཁྱེན་པར་མཛོད་ཅིག

ཚན་རིག་པས་ས་རིམ་གྱི་མཚམས་མང་པོ་ཞིག་ཏུ་སྔོན་མའི་དུས་རབས་སྐབས་བྱུང་ཟིན་པའི་ས་ཡོམ་ཆེ་གྲས་ཀྱི་ཤུགས་རྐྱེན་གྱི་ནུས་པ་ཕོན་ཆེན་པོ་ཞིག་བསགས་ཡོད་པ་དང༌། དེར་ད་བར་བྱུང་མ་མྱོང་བའི་ས་ཡོམ་ཧ་ཅང་ཤུགས་དྲག་པོ་ཤིག་འབྱུང་རྒྱུའི་ནུས་པ་ཡོད་ཟེར། གས་ཆགས་ཡོད་སའི་མཚམས་གཅིག་དྷ་རམ་ས་ལའི་ཤར་དང་གཅིག་ནུབ་ཏུ་ཡང་ཡོད་པར་བརྗོད། འགའ་ཞིག་གིས་གལ་ཏེ་མཚམས་དེར་ས་ཡོམ་ཤུགས་ཆེ་བ་ཞིག་འབྱུང་བ་ན་འདིའི་གས་ཆགས་ཡོད་སའི་གནས་ཀྱང་འགས་རྒྱུར་ཐག་ཆོད་ཟེར། དེ་འདྲའི་ས་ཡོམ་འབྱུང་དགོས་པའི་དོན་གཞན་ནི། ད་བར་མི་ལོ་བརྒྱ་ཕྲག་མང་པོའི་རིང་ཧི་མ་ལ་ཡའི་ལྷོ་ངོས་ནས་ས་ཡོམ་ཉུང་ཤས་ཤིག་ལས་བརྒྱབ་མེད་པས་ས་གནས་དེ་ཁུལ་གྱི་ས་གཞིའི་གས་ཐིག་གི་འོག་ནས་གནོན་ཤུགས་ཉུང་ཙམ་ཞིག་ལས་ཕྱིར་ཐོན་ཐུབ་མེད་པས་གནོན་ཤུགས་ཕོན་ཆེ་བ་ནི་ད་དུང་ཡང་དེར་ལྷག་ཡོད་པས་ནམ་ཞིག་དེ་དག་ས་ཡོམ་འཇིགས་སྐྲག་ཅན་ཞིག་གི་ངོ་བོར་འགྱུར་བ་ལ་ཐེ་ཚོམ་མེད་ཅེས་ཤོད་ཀྱི་ཡོད་པ་རེད། ས་ཡོམ་དེ་གལ་ཏེ་མི་ཚོགས་མང་པོ་གནས་པའི་རྒྱལ་ས་ལྟ་བུ་ཞིག་ཏུ་བྱུང་བ་ཡིན་ན་སེམས་ཅན་གྱི་ཚེ་སྲོག་དང་རྒྱལ་ཁབ་ལ་གྱོང་གུད་ཆེན་པོ་ཞིག་ཡོང་བ་ལྟ་ཅི་སྨོས།

འོ་ན་འདི་ལ་ཐབས་ཤེས་མེད་པ་ཡིན་ནམ་ཟེར་ན། གལ་ཏེ་ས་ཡོམ་གྱི་དུས་ཚོད་སྔོན་དཔགས་བྱེད་ཐུབ་པ་ཡིན་ན་ཐབས་ཏན་ཏན་ཡོད་པ་རེད། ཡིན་ནའང་ད་བར་མཁས་པ་མང་པོས་དེའི་སྐོར་སྔོན་དཔག་བྱས་པ་བཞིན་གྲུབ་འབྲས་ཐོན་ཐུབ་པ་གང་ཡང་མེད་ཟེར་ན་ནོར་བ་མིན། ཡིན་ཡང་སེམས་ཅན་གྱི་ལུས་ངག་གི་སྤྱོད་པའི་སྒོ་ནས་ཅུང་ཟད་ཤེས་ཐུབ་སྟེ། ས་ཡོམ་མ་བྱུང་གི་གོང་དུ་སེམས་ཅན་གྱི་སྤྱོད་པ་ལ་འགྱུར་ལྡོག་ཆེན་པོ་འགྲོ་ཡི་ཡོད་པ་རེད། དཔེར་ན། ཕྱི་ལོ་ ༡༩༧༤ ཟླ་བ་ ༡༢ པའི་ནང་རྒྱ་ནག་གི་ཧའི་ཤེང་གུ་ཞེས་པའི་ས་གནས་དེར་སྦྲུལ་རྣམས་དགུན་ཉལ་མི་བྱེད་པར་ཕྱིར་ཐོན་ནས་འཁྱགས་ཤི་ཐེབས་པ་སོགས་ཀྱི་གནས་ཚུལ་དུ་མ་བྱུང་བ་དང༌། དེ་ནས་སླར་ཡང་ཕྱི་ལོ་ ༡༩༧༥ ཟླ་བ་དང་པོའི་ནང་སེམས་ཅན་ཆེ་བའི་རིགས་རྟ་དང་བ་ཕྱུགས་སོགས་ཀྱིས་རྒྱུ་མཚན་གང་ཡང་མེད་པར་ངུ་སྐད་རྒྱག་པ་དང༌། རང་ཉིད་ཀྱི་ཚང་ལས་ཕྱིར་ཐོན་ཐབས་བྱེད་པ་སོགས་ཀྱི་གནས་ཚུལ་མང་པོ་ཐོན་ཡོད་འདུག མཐར་ལོ་དེའི་ཟླ་བ་གཉིས་པའི་ནང་ས་གནས་དེ་ནས་ས་ཡོམ་ཤུགས་དྲག་པོ་ཅིག་བྱུང་ཡོད་པ་རེད།

འོ་ན་དེང་དུས་ཀྱི་ཚན་རིག་ལ་ཡར་རྒྱས་ཧ་ཅང་ཆེན་པོ་ཕྱིན་ཡོད་པས་དེ་འདྲའི་སྔོན་དཔག་བྱེད་ཐུབ་པའི་འཕྲུལ་ཆས་ཤིག་བཟོ་ཐུབ་བསྦྲ་ཞེ་ན། རེ་བ་ཅུང་ཟད་ཡོད་དམ་སྙམ། གང་ལགས་ཞེ་ན། ས་ཡོམ་ལས་བྱུང་བའི་རྒྱ་མཚོའི་དྲག་རླབས་ཤིན་ཏུ་ཆེ་བ་ཙུ་ན་མིར་སྔོན་དཔག་བྱེད་ཐུབ་པའི་འཕྲུལ་ཆས་དེང་སང་མཐོང་རྒྱུ་ཡོད་པ་བཞིན་ཉེ་བའི་ལོ་བཅུ་ཕྲག་འགའ་ཞིག་གི་རྗེས་སུ་ཡང་མཐོང་རྒྱུ་ཡོང་སྲིད་པ་ཡིན། གང་ལྟར་དེ་འདྲའི་དུས་ཞིག་མ་ཤར་བར་དུ་རང་ངོས་ནས་གང་གཟབ་གནང་དགོས་པ་ཞིག་དང་ས་ཡོམ་འབྱུང་སྐབས་རང་གི་ངོས་ནས་ས་ཡོམ་ལས་ཐར་ཐབས་དུ་མ་ཡོད་པ་དེ་དག་ལག་ལེན་ངེས་པར་དུ་བསྟར་དགོས།

ས་ཡོམ་འབྱུང་སྐབས་གང་ཞིག་བྱ་དགོས་ཞེ་ན།

༡༽ གལ་སྲིད་ས་ཡོམ་བྱུང་བཞིན་པ་ཡིན་ན་ཐོག་མར་གལ་ཆེ་ཤོས་ནི་ལམ་སེང་སར་ཉལ་ནས་ལྕ་དངོས་ལྗིད་པོ་ཞིག་གི་སྟེང་དུ་སྡོད་དགོས། གལ་ཏེ་ནང་དུ་ཡོད་པ་ཡིན་ན་སེམས་ལྷོད་པོ་སྡོད་རྒྱུ་དང་ཅ་དངོས་ལྗིད་པོའམ་མཁྲེགས་པོ་ཞིག་གི་སྟེང་དུ་སྡོད་རྒྱུ་ཧ་ཅང་གི་གལ་ཆེ།
༢༽ གལ་ཏེ་རང་ཉིད་དེའི་ཚེ་ཕྱིར་ཡོད་པ་ཞིག་ཡིན་ན་ངེས་པར་དུ་ཁང་པ་མཐོན་པོ་སོགས་ལས་ཐག་རིང་དུ་འགྲོ་རྒྱུ།
༣༽ ཤེལ་གྱི་རིགས་དང༌། ལྷུང་སྲིད་པའི་དངོས་པོ་ལས་ཀྱང་ཐག་རིང་དུ་འགྲོ་རྒྱུ།
༤༽  མི་ཚོགས་མང་པོ་ཡོད་སར་ཉེ་འགྲམ་གྱི་ཐོན་སྒོར་གཞན་དང་མཉམ་དུ་འཚང་ཁ་མི་རྒྱག་པར་གནས་སྐབས་རིང་གབ་ས་བཙལ་དགོས་པ་དང་སེམས་ལྷོད་པོ་སྡོད་རྒྱུ་ཤིན་ཏུ་གལ་ཆེ།
༥༽ ས་ཡོམ་དངོས་གཞིའི་རྗེས་ཀྱི་ས་ཡོམ་ཆེད་གྲྭ་སྒྲིག་དགོས་པ་ཡིན་སྟེ་དེས་ཀྱང་གནོད་ཚབས་ཆེན་པོ་སྟེར་སྲིད་པས་ཡིན།

སྤྱིར་སེམས་ཅན་གྱིས་སྡུག་བསྔལ་མྱོང་བ་ནི་སྔོན་གྱི་ལས་འབྲས་ལ་ཐུག་ཀྱང་ཕྱིའི་གནས་སྟངས་ལ་རྩ་བ་ཉིད་ནས་རག་མ་ལས་པ་ཞིག་ཀྱང་མིན། ས་ཡོམ་སོགས་འབྱུང་བའི་གནོད་པ་འགོག་རྒྱུ་དཀའ་ཡང་དེ་ལས་རང་ཉིད་སྐྱོབ་བྱེད་ཀྱི་ཐབས་ཤེས་ཡོད་པ་རེད། འཛམ་གླིང་གི་ས་གནས་གཞན་དང་འདྲ་བར་དྷ་རམ་ས་ལ་དང་ཧི་མ་ལ་ཡའི་མི་མང་དང་བོད་མི་སོགས་ཚང་མས་ཀུན་ནས་ཀྱང་ས་ཡོམ་ལ་སོགས་པའི་སྐོར་ཤེས་པར་བྱས་ནས་གཞན་མི་ཤེས་པ་རྣམས་ལའང་བཤད་དགོས་གལ་ཤིན་ཏུ་ཆེའོ།།
འཕྲོ་ཀློགས།

འཐེན་ཤུགས།

Friday, May 8, 2015

དངོས་ཁམས་རིག་པའི་མཁས་དབང་སྐུ་ཞབས་པོའལ་མཆོག་ནས་དེ་ཡང་དཔེར་ན་ལག་རྩེད་སྤོ་ལོ་དང་ཡང་ན་གློག་ཀླད་ཀྱི་རྩེད་མོ་སོགས་རྩེད་མོའི་རིགས་གང་འདྲ་ཞིག་ཡིན་ཡང་རུང༌། ང་ཚོས་ཇི་སྲིད་རྩེད་མོ་དེའི་སྒྲིག་ཁྲིམས་མ་ཤེས་པ་དེ་སྲིད་དུ་རྩེད་མོ་དེ་ལ་སྤྲོ་བ་དེ་ཙམ་མི་ཡོང་བ་དེ་བཞིན་དུ་ང་ཚོས་རང་བྱུང་ཁམས་ཀྱི་གནས་སྟངས་དང་དེའི་སྒྲིག་ཁྲིམས་ལེགས་པར་མ་ཤེས་པ་དེ་སྲིད་རང་རང་སོ་སོའི་ཁོར་ཡུག་ལ་བསྔགས་བརྗོད་དང་བརྩི་འཇོག་ཆ་ཚང་ཞིག་ཡོང་མི་ཐུབ། དངོས་ཁམས་རིག་པས་རང་བྱུང་ཁམས་ཀྱི་སྒྲིག་གཞི་གཏན་ལ་འབེབས་པ་དང༌། དེ་ཡང་རྩིས་རིག་པའི་ཉམས་འགྱུར་ལྡན་པའི་ཐོག་ནས་རང་བྱུང་ཁམས་ཀྱི་དངོས་པའི་གནས་ཚོད་རྣམས་འགྲེལ་བརྗོད་བྱེད་ཀྱི་ཡོད། དེར་བརྟེན་དངོས་ཁམས་རིག་པའི་བྱེ་བྲག་གི་སློབ་ཚན་མང་པོ་ཞིག་རྩིས་དང་འབྲེལ་ཆེན་པོ་ཡོད་རེད་ཅེས་གསུངས།

 མི་ལོ་སྟོང་ཕྲག་གི་རིང་མི་རྣམས་མཚན་མོ་ནམ་མཁའི་སྐར་ཚོགས་རྣམས་འོད་ཆིམ་ཆིམ་དང་ཟླ་བའི་འོད་མདངས། སྐར་མ་དུ་བ་མཇུག་རིང་གི་མགུལ་བསྐྱོད་དེ་བཞིན་ཉི་མའི་ཁྱིམ་རྒྱུད་སོགས་རང་བྱུང་ཁམས་ཀྱི་གནས་ཚུལ་མང་པོ་ཞིག་ལ་རྨོངས་ནས་རྒྱུན་དུ་སེམས་ནང་དུ་ཡ་མཚན་དང་དོགས་པ་ཆེན་པོ་ཞིག་གནས་ཡོད། གི་རིག་གི་གནའ་རབས་མཁས་པ་རྣམས་ཀྱིས་འཛམ་གླིང་ས་ཡི་གོ་ལ་དེ་འཇིག་རྟེན་ཁམས་ཀྱི་དབུས་སམ་དཀྱིལ་ན་གནས་པ་དང༌། ཉི་མ་དང་གཟའ་སྐར་གཞན་རྣམས་འཛམ་གླིང་དུ་སྐོར་བ་རྒྱག་གི་ཡོད་ཅེས་ཟེར་གྱི་ཡོད། དུས་རབས་བཅུ་དྲུག་པའི་ནང་པོའ་ལན་གྱི་སྐར་རྩིས་མཁན་སྐུ་ཞབས་ཀོའ་པར་ནིའ་ཀས་མཆོག་ནས་རྒྱུ་སྐར་རྣམས་འཛམ་གླིང་དུ་བསྐོར་བ་རྒྱག་པ་ལས་ཉི་མར་བསྐོར་བ་རྒྱག་པར་ཁས་ལེན་ན་རྒྱུ་སྐར་གྱི་འཁོར་སྟངས་དེ་རྣམས་ལས་སླ་པོའི་ཐོག་ནས་འགྲེལ་བརྗོད་བྱེད་ཐུབ་ཀྱི་རེད་ཅེས་གསར་གཏོད་གནང་བ་རེད། ཁོང་གིས་གསར་གཏོད་དེ་དུས་རབས་དེའི་སྐབས་ལ་གསར་བརྗེའི་ལྟ་གྲུབ་ཡིན་པས་འཛམ་གླིང་དབུས་ཀྱི་ལྟ་བ་དང་འགལ་བས་རྙོག་དྲ་ཧ་ཅང་ཆེན་པོ་ལངས་པ་ནས་ཁོང་ལ་དམའ་འབེབས་དང་གྱོང་ཉེས་ཆེན་པོ་བྱུང་བ་རེད།

ཕྱིས་སུ་ཁོང་ལ་བཙུགས་པའི་ལྟ་གྲུབ་ཀྱི་རྙོག་གཞི་དེ་མྱུར་དུ་ཁྱབ་གདལ་ཆེན་པོ་ཕྱིན་པ་དང༌། དེའི་རྗེས་སུ་སྐུ་ཞབས་ཀེབ་ལཱར་གྱིས་ཆེད་དུ་མངགས་ནས་ལོ་ངོ་བཅུ་ཙམ་རིང་དུ་རྒྱུ་སྐར་དེ་རྣམས་ཉི་མར་འཁོར་སྟངས་སྐོར་ལ་བརྟག་དཔྱད་གནང་ཚེ་གཙོ་བོ་རྒྱུ་སྐར་སོ་སོའི་འཁོར་ཐིག་གི་ཆེ་ཆུང་དང་ཉི་མར་བསྐོར་བ་གཅིག་རྒྱག་པ་ལ་དུས་ཚོད་འགོར་ཡུན་གཉིས་ཀྱི་འབྲེལ་བ་གང་ཡོད་ལ་གཙོ་བོ་ཞིབ་འཇུག་གནང་བའི་མཐར་སྐོར་བ་གཅིག་བརྒྱབ་པའི་ཡུན་ཚད་རང་བསྒྱུར་མ་དེ་དང་ཉི་མ་ནས་བར་ཐག་ཆ་སྙོམས་མཐུན་གྲངས་གསུམ་བསྒྱུར་མ་གཉིས་ཆ་ལག་མཚུངས།
(T²~ R³)
T= རྒྱུ་སྐར་གྱི་འཁོར་ཡུན།
R= ཉི་མ་ནས་རྒྱུ་སྐར་བར་གྱི་བར་ཐག
རྩིས་སྦྱོར་གསར་པ་འདི་ནི་རྒྱུ་སྐར་གཞན་ཐམས་ཅད་ལ་མཚུངས་པར་རིགས་བསྒྲེ་དགོས་པར་གསུངས།

སྐུ་ཞབས་ཀེབ་ལཱར་མཆོག་གིས་གསར་དུ་མཛད་གནང་བའི་རྒྱུ་སྐར་རང་འཁོར་གྱི་ཆོས་ཉིད་ཀྱི་རིག་པ་ནི།1

༡ རྒྱུ་སྐར་རྣམས་རང་རང་གི་སྒོང་དབྱིབས་ལྟ་བུའི་འཁོར་ཐིག་སྟེང་ནས་ཉི་མར་བསྐོར་བ་བྱེད།

༢ ཉི་མར་བསྐོར་བ་ཆ་ཚང་གཅིག་རྒྱག་པའི་ཡུན་ཚད་ཐུན་གྲངས་གཉིས་བསྒྱུར་མ་དེ་ཉི་མ་ནས་གཟའ་སྐར་དེའི་བར་གྱི་རིང་ཚད་མཐུན་གྲངས་གསུམ་བསྒྱུར་མ་དེ་གཉིས་ཆ་ལག་མཚུངས་པ་རེད། (T²~ R³)

རྩིས་སྦྱོར་དེ་ནི་རྒྱུ་སྐར་གཞན་ཐམས་ཅད་ཀྱི་འཁོར་ཚུལ་ལའང་ལག་བསྟར་བྱེད་ཆོག སྐུ་ཞབས་ཀེབ་ལཱར་གྱི་རྩིས་སྦྱོར་དེའི་ཐོག་ནས་རྒྱུ་སྐར་རྣམས་ཉི་མར་སྒོང་དབྱིབས་འདྲ་བའི་འཁོར་ལམ་གྱི་སྟེང་ནས་བསྐོར་བ་རྒྱབ་པའི་རྒྱུ་མཚན་གང་ཡིན་པར་འགྲེལ་བརྗོད་ཐུབ་ཀྱི་མེད། ཁོང་ནས་བེམ་གཤིས་ཀྱི་འགྲོ་ལུགས་2ལ་དོ་སྣང་དང་བརྩི་འཇོག་མ་གནང་བ་དང་ཕྱོགས་གཞན་ཞིག་ནས་སྐུ་ཞབས་གྷེ་ལི་ལིའོ་མཆོག་ནས་ཀེབ་ལཱར་གྱི་མཛད་རྗེས་ལ་ཡི་མ་རང་བར་རྒྱུ་སྐར་རྣམས་སྒོར་དབྱིབས་འདྲ་བའི་འཁོར་ལམ་སྟེང་ནས་ཉི་མར་སྐོར་གྱི་ཡོད་ཅེས་ཁོ་རང་གི་ལྟ་བ་མཁྲེགས་པོར་འཛིན། དེར་བརྟེན་མཁས་དབང་དེ་གཉིས་ཕན་
ཚུན་གྱི་དགོངས་པ་མ་ལོན་པས་དེ་གཉིས་ཀྱི་དགོངས་གཞི་ཆ་ཚང་བ་ལོན་མཁན་སྐྱེས་བུ་གཞན་ཞིག་དགོས་པས་དེའི་འོས་འགན་སྐུ་ཞབས་ཨཱཡེ་སེག་ནིའུ་ཀྲོན་ཐོག་ཏུ་བབས་པ་རེད། གནའ་རབས་ཀྱི་མི་རྣམས་ཀྱིས་ཉི་མ་དང༌། ཟླ་བ། རྒྱུ་སྐར་སོགས་རྩ་ཆེན་གྱི་སྒོར་དབྱིབས་ཤིག་ཏུ་བརྩི་འཇོག་བྱེད་པར་བརྟེན་དེའི་བསྐོར་བ་རྒྱག་ཚུལ་ལ་འགྲེལ་བརྗོད་དང་རྒྱུ་མཚན་མི་དགོས། ཡིན་ནའང་སྐུ་ཞབས་ནིའུ་ཀྲོན་ནས་དེ་རྣམས་སྒོང་དབྱིབས་ལྟ་བུའི་འཁོར་ཐིག་སྟེང་ནས་བསྐོར་བ་རྒྱག་གི་ཡོད་པ་དེ་ནུས་ཤུགས་གཞན་ཞིག་གི་དབང་གིས་ཡིན་པ་དང༌། དེ་ལྟར་ནུས་ཤུགས་གཞན་ཞིག་མེད་ན་རྒྱུ་སྐར་རྣམས་ཉི་མར་བསྐོར་བ་མ་རྒྱག་པར་ཐད་ཀར་བསྐྱོད་དགོས་པ་ལས་དེ་ལྟར་མིན་པར་མཁྱེན་རྟོགས་བྱུང་བ་རེད།

དེ་ནི་གཙོ་བོ་བེམ་གཤིས་ཀྱི་ཆོས་ཉིད་རིག་པ་ལ་བརྟེན་ནས་རྒྱུ་སྐར་རྣམས་ཉི་མའི་ཕྱོགས་སུ་ཀྱོག་ནས་འཁོར་གྱི་ཡོད་པ་དང་ཉི་མ་ནི་དེ་རྣམས་ཀྱི་ནུས་ཤུགས་ཀྱི་འབྱུང་གནས་ཡིན་པ་དངདེ་ཀེབ་ལཱར་གྱི་རྒྱུ་སྐར་རང་འཁོར་གྱི་རིག་པ་གཉིས་པ་ལས་མཁྱེན་པ་རེད། ཅ་དངོས་གཉིས་གང་ཡང་ཕན་ཚུན་མ་རེག་པར་ནུས་ཤུགས་ཤིག་བྱུང་བས་དེ་གང་ཡིན་མིན་ལ་ཁོང་གིས་མཁྱེན་རྟོགས་ཆེན་པོ་བྱུང་ཡོད། དེར་བརྟེན་ཁོང་གིས་ནུས་ཤུགས་དེའི་ཐོག་ལ་བརྟག་དཔྱད་རབ་དང་རིམ་པ་གནང་ཡོད།

སྐུ་ཞབས་ནིའུ་ཀྲོན་མཆོག་གི་སྤྱི་ཡོངས་འཐེན་ཤུགས་ཀྱི་ཁྲིམས་ལུགས།

སྤྱིར་ཡོངས་སུ་གྲགས་པའི་ལོ་རྒྱུས་ནང་སྐུ་ཞབས་ནིའུ་ཀྲོན་མཆོག་ཉིན་ཞིག་ཤིང་སྡོང་འོག་ཏུ་བཞུགས་པའི་སྐབས་ཀུ་ཤུ་ཞིག་ཁོང་གི་དབུའི་ཐོག་ཏུ་ལྷུང་བས་ཁོང་གིས་གློ་བུར་དུ་སྤྱི་ཡོངས་འཐེན་ཤུགས་ཀྱི་ཁྲིམས་ལུགས་དྲན་གནང་བ་རེད། དེ་ནི་ལོ་རྒྱུས་སུ་གྲགས་པ་ཙམ་ཞིག་ཡིན་པ་མ་གཏོགས་དངོས་གནས་བདེན་པ་ཞིག་མ་རེད། ཡིན་ནའང་སྒྲུང་དེའི་ནང་དངོས་སུ་གང་བྱུང་མིན་དེ་གསལ་པོ་ཤེས་ཐུབ།

 དེས་ན་དངོས་ཀྱི་གནས་ཚུལ་གང་བྱུང་བ་ཡིན་ཞེ་ན། ཁོང་གིས་ཀུ་ཤུ་ཤིང་སྡོང་ནས་ཇི་ལྟར་ལྷུང་ཚུལ་སྐོར་ལ་ཐུགས་བསམ་བཞེད་ཚུལ་ལ། ཀུ་ཤུ་ཤིང་སྡོང་ནས་ལྷུང་ཚེ་དེའི་མྱུར་ཚད་འཕར་བ་ཡིན། དེར་བརྟེན་ཀུ་ཤུ་དེའི་སྟེང་དུ་ནུས་ཤུགས་གཞན་ཞིག་ཡོད་པ་ལ་བརྟེན་ནས་དེའི་མྱུར་ཚད་འཕར་བ་རེད། ནུས་ཤུགས་དེ་ལ་འཐེན་ཤུགས་3ཞེས་བརྗོད། དེ་མྱུར་ཚད་དང་འབྲེལ་བའི་རྐྱེན་གྱིས་འཐེན་ཤུགས་ལ་བརྟེན་པའི་མྱུར་ཚད་4ཞེས་བརྗོད། གལ་ཏེ་ཀུ་ཤུ་དེ་སྔར་ལས་ལྡབ་གཉིས་ཀྱི་མཐོ་བ་ཡོད་ནའང༌། ཡང་བསྐྱར་དེ་ས་ལ་ལྷུང་ཚེ་དེའི་མྱུར་ཚད་འཕར་གྱི་རེད། དེར་བརྟེན་དེ་འདྲའི་ནུས་ཤུགས་ལ་ང་ཚོས་འཐེན་ཤུགས་ཞེས་བརྗོད་པ་དེ་ཤིང་སྡོང་གི་རྩེའི་བར་དུ་སླེབས་ཡོད་པ་དེ་གསལ་པོར་ཤེས་ཐུབ།

སྐུ་ཞབས་ནིའུ་ཀྲོན་མཆོག་གི་ཕུལ་བྱུང་གི་རིག་པ།

གོང་གི་ཀུ་ཤུའི་ལྷུང་ཚད་ལ་བརྟེན་ནས་ཁོང་ལ་ཕུལ་བྱུང་རྣམ་དཔྱོད་ལྡན་པའི་རིག་པ་ཞིག་རྙེད་པ་རེད། ནུས་ཤུགས་དེ་ཤིང་སྡོང་གི་རྩེའི་བར་དུ་སླེབས་ཐུབ་ཀྱི་དེ་ལས་མཐོ་བ་དང་དེའི་འཐེན་ཤུགས་དེ་ཟླ་བའི་བར་སླེབས་མི་ཐུབ། དེ་ནི་སྐུ་ཞབས་ནིའུ་ཀྲོན་མཆོག་གིས་མེ་སྒྱོགས་ཀྱི་རྒྱུ་ལམ་ལ་ཚོད་ལྟ་གནང་བ་ལས་གསལ་པོར་འགྲེལ་བརྗོད་གནང་བ་རེད།

དཔེར་ན་ང་ཚོས་རི་མཐོན་པོ་ཞིག་གི་རྩེ་ནས་མེ་སྒྱོགས་བརྒྱབས་ཚེ། མེ་སྒྱོགས་དེའི་འཕུར་མདའ་དེ་མཐའ་མ་ས་ལ་ལྷུང་ངེས་རེད། གང་ཡིན་ཞེ་ན་གོ་ལའི་འཐེན་ཤུགས་དེ་གོ་ལའི་དབུས་ཕྱོགས་ནས་ཡོང་བ་དང༌། འཐེན་ཤུགས་དེ་མྱུར་ཚད་དང་འབྲེལ་ནས་ཡོད་པ་རེད། a = v2 v1/t

སྐུ་ཞབས་ནིའུ་ཀྲོན་མཆོག་གིས་ཅ་དངོས་གང་འདྲ་ཞིག་ཡིན་ནའང་དེ་གཉིས་ཕན་ཚུན་འཐེན་ཤུགས་དང་བཅས་པ་དང་འཐེན་ཤུགས་དེ་ནི་ཅ་དངོས་དེ་གཉིས་ཀྱི་ལྗིད་ཚད་དང་ཆ་ལག་མཉམ་པ་དང་དེ་གཉིས་ཀྱི་བར་དབུས་ནས་བརྩིས་པའི་བར་ཐག་མཐུན་གྲངས་གཉིས་བསྒྱུར་མ་དང་ཆ་ལག་མ་མཉམ་པ་རེད། གོང་གི་བརྗོད་གཞི་དེ་རྩིས་སྦྱོར་ནང་ཕབ་ཚེ། F ~ m1m2/d²

F=འཐེན་ཤུགས། m=ཅ་དངོས་གཉིས་ཀྱི་ལྗིད་ཚད། d=དེ་གཉིས་ཀྱི་དབུས་ནས་བརྩིས་པའི་བར་ཐག་ ཇི་ཙམ་ལྗིད་ཚད་ཆེ་བ་དེ་ཙམ་ཅ་དངོས་གཉིས་ཀྱི་བར་ལ་འཐེན་ཤུགས་ཡང་ཆེ་བ་ཡོད། ཇི་ཙམ་རྒྱང་ཐག་རིང་བ་དེ་ཙམ་འཐེན་ཤུགས་ཀྱང་ཤུགས་ཆུང་བ་ཡོད།

རྒྱལ་ཡོངས་འགྱུར་མེད་འཐེན་ཤུགས་གྲངས་གནས།5

གོང་གི་ཆ་ལག་མཉམ་པའི་རྒྱལ་ཡོངས་འཐེན་ཤུགས་ཁྲིམས་ལུགས་དེ་མཉམ་རྩིས་ཏག་ཏག་དེ་ནི། F= G m1m2/d²
རྒྱལ་ཡོངས་འགྱུར་མེད་འཐེན་ཤུགས་གྲངས་གནས་ཀྱི་འགྲུལ་ཚད་ནི་ 0.0000000000667 ནིཡུ་ཊོན། འདི་ནི་འཐེན་ཤུགས་ཧ་ཅང་གི་ཆུང་ཆུང་ཞིག་རེད།

འདིའི་ནུས་ཤུགས་གྲངས་ཚད་གཞན་ཞིག་ནང་དུ་ཕབ་ཚེ་ G= 6.67x10¯¹¹ འཐེན་ཤུགས་དང་ཅ་དངོས་དེའི་ལྗིད་ཚད་གཉིས་ཕན་ཚུན་སྟོབས་མཚུངས་པ་རེད། དངོས་པོ་ལྗིད་ཚད་ཆེ་བ་དེ་ལ་འཐེན་ཤུགས་ཡང་ཆེ་བ་དང་ལྗིད་ཚད་ཆུང་བ་དེ་ལ་འཐེན་ཤུགས་ཀྱང་ཆུང་བ་ཡོད་པ་རེད། འཐེན་ཤུགས་དང་རྒྱང་ཐག་ཕན་ཚུན་སྟོབས་མི་མཚུངས་པ་རེད། ཇི་ཙམ་དངོས་པོ་དེ་
གོ་ལའི་དབུས་ནས་རྒྱང་ཐག་རིང་དུ་འགྲོ་བ་དེ་ཙམ་དེའི་འཐེན་ཤུགས་ཀྱང་ཆུང་དུ་འགྲོ་བ་དང་གོ་ལའི་དབུས་དང་ཉེ་བ་ཡོད་པ་དེ་ཙམ་དེའི་འཐེན་ཤུགས་ཆེ་བ་ཡོད་པ་རེད། དེ་ནི་གོང་གི་རྩིས་སྦྱོར་ནས་གསལ་པོ་རྟོགས་ཐུབ་ངེས་རེད། F~ m/ d²

འཐེན་ཤུགས་དང་ལྗིད་ཚད།

སྤྱིར་བཏང་སྐད་ཀྱི་གྲགས་ཚོད་ལ་མཱས་དང་ལྗིད་ཚད་གཉིས་ཀྱི་དོན་གཅིག་ཏུ་བརྗོད་པ་འདྲ་ནའང་དོན་དངོས་ཐོག་ལ་དེ་གཉིས་ལ་ཁྱད་པར་ཆེན་པོ་ཡོད། ཡིན་ནའང་དེ་གཉིས་ཕན་ཚུན་འབྲེལ་ཆེན་པོ་ཡོད། མཱས་ཞེས་པའི་དོན་ནི་བེམ་གཟུགས་ཞིག་གི་ནང་དུ་ཡོད་པའི་རྡུལ་དུ་གྲུབ་པ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་ཁྱོན་བསྡོམས་དེར་ཟེར། ཡིན་ནའང་ཝེ་ཌི་ཞེས་པའི་ཚིག་ལྗིདཁོག་དང་དོན་གཅིག་པ་ཡིན། ལྗིད་ཁོག་ནི་འཐེན་ཤུགས་ཀྱི་ཁྱབ་མཚམས་ནང་དུ་ཁམས་ཀྱི་འཐེན་ཤུགས་ལ་བརྟེན་ནས་བྱུང་བའི་དངོས་པོའི་ཁྱད་ཆོས་ཤིག་རེད། དབྱིན་སྐད་ནང་ཚན་རིག་གི་གནད་དོན་བཤད་པའི་སྐབས་སུ་མ་གཏོགས་སྤྱིར་བཏང་མཱས་ཞེས་པའི་ཚིག་དང་ཝེ་ཌི་ཞེས་པའི་ཚིག་གཉིས་དོན་གཅིག་ལྟ་བུར་བེད་སྤྱོད་བྱེད་ཀྱི་ཡོད། དེ་བཞིན་བོད་སྐད་དུའང་སྤྱིར་བཏང་ཅ་དངོས་དེའི་ལྕི་ཏིག་དང༌། ལྗིད་ཏིག་ཞེས་པའི་ཚིག་གཉིས་གོ་དོན་གཅིག་ལྟ་བུ་ཡིན་ཡང་ཚན་རིག་དང་དེའི་ནང་ཚན་དངོས་ཁམས་རིག་པ་བཤད་པའི་སྐབས་ལ་དེ་གཉིས་ཀྱི་གོ་དོན་ཐ་དད་ཡོད་པ་ལ་བཞག་ན་འགལ་བ་ཆེར་མེད་པས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱིས་དཔྱད་དགོས་པར་སྣང༌།

ཅ་དངོས་དེའི་ལྗིད་ཚད་ནི་དེའི་མཱས་དང་འཐེན་ཤུགས་ལ་བརྟེན་པའི་མྱུར་ཚད་g6གཉིས་བསྒྱུར་བ་ལས་ཐོབ་ཐུབ། f= mg7 འཐེན་ཤུགས་ལ་བརྟེན་པའི་མྱུར་ཚད་ནི་ g ཐོབ་ཚུལ་ནི་ཡོངས་ཁྱབ་འགྱུར་མེད་འཐེན་ཤུགས་ཀྱི་གྲངས་གནས་ G འཛམ་གླིང་གི་ལྗིད་ཚད་ m གཉིས་བསྒྱུར་བ་དང་དེ་ལ་རྩིབས་ཚད་ཀྱི་རིང་ཚད་ r ཀྱིས་བགོས་པ་ལས་བྱུང་བ་ཡིན། འཐེན་ཤུགས་ལ་བརྟེན་པའི་མྱུར་ཚད་ཀྱི་གྲངས་ཆ་ནི་ 9.8 N རེད། ཅ་དངོས་དེ་དང་དེའི་མཱས་དང་ལྗིད་ཚད་གཉིས་ཕན་ཚུན་སྟོབས་མཚུངས་པ་ཡིན། དངོས་པོ་དེའི་མཱས་དེ་ས་ཆ་གང་དུ་ཡོད་ནའང་འགྱུར་ལྡོག་མེད། ཡིན་ནའང་དེའི་ལྗིད་ཚད་ནི་ས་ཆའི་གནས་བབ་ལ་ལྟོས་ཏེ་འགྱུར་གྱི་ཡོད། དཔེར་ན། གལ་ཏེ་དངོས་པོ་མཱས་ m བྱས་པ་ཞིག་འཛམ་གླིང་ནས་ཟླ་བར་དབོར་འདྲེན་བྱེད་པའི་ཚེ། དངོས་པོ་དེའི་འཐེན་ཤུགས་ཀྱི་མྱུར་ཚད་ལ་འགྱུར་ལྡོག་ཡོད་ངེས་རེད། གང་ཡིན་ཞེ་ན། ཟླ་བའི་སྟེང་གི་རྩིབས་ཚད་དང་མཱས་གཉིས་ཀ་འཛམ་གླིང་དང་མི་འདྲ་བ་ཡོད་པའི་རྐྱེན་གྱིས་རེད། ཡིན་ནའང་དེའི་མཱས་དེ་འཛམ་གླིང་དང་ཟླ་བ་གཉིས་ཀ་ལ་མཚུངས་པ་རེད། དངོས་པོ་དེའི་ལྗིད་ཚད་ནི་ཟླ་བ་དང་འཛམ་གླིང་གཉིས་ཀྱི་བར་ལ་ཁྱད་པར་ཆེན་པོ་ཡོད། གང་ཡིན་ཞེ་ན། ཟླ་བའི་སྟེང་གི་འཐེན་ཤུགས་དེ་འཛམ་གླིང་ལས་ཀྱང་ལྡབ་དྲུག་གིས་ཉུང་བ་ཡོད་པས་དེའི་ལྗིད་ཚད་ཀྱང་ལྡབ་དྲུག་གིས་ཆུང་དུ་འགྲོ་ཡི་རེད། དཔེར་ན། མི་ཀི་ལོ་ ༦༠ བྱས་པ་གཅིག་ཟླ་བའི་ནང་དུ་བསྐྱོད་ཚེ་མི་དེའི་ལྗིད་ཚད་ཀི་ལོ་༡༠ ལས་མེད།

སྤྱིར་བཏང་འཐེན་ཤུགས་ཀྱི་ནུས་པ་ང་ཚོས་མཐོང་བདེ་པོ་ཡོད། ཡིན་ནའང་དེའི་སྐོར་ལ་འགྲེལ་བཤད་ཆ་ཚང་བ་ཞིག་རྒྱག་པ་ལ་མི་རྣམས་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་དུ་དཀའ་ཚེགས་ཆེན་པོ་སྤྲད་ཡོད། དུས་རབས་མང་པོའི་ནང་དུ་རྣམ་དཔྱོད་ལྡན་པའི་ཚན་རིག་པ་གྲགས་ཅན་མང་པོས་འཐེན་ཤུགས་ཀྱི་སྐོར་ལ་བརྟག་ཞིབ་ནན་གཏན་གནང་སྟེ་དེའི་ཐོག་འགྲེལ་བརྗོད་རབ་དང་རིམ་པ་གནང་ཡོད། དེའི་ཁོངས་ནས་གཙོ་བོ་ནི་སྐུ་ཞབས་ཨཡེ་སེཀ་ནེའུ་ཀྲོན་མཆོག་ནས་ ༡༦༨༧ ལོར་འཐེན་ཤུགས་ཀྱི་གྲུབ་དོན་གཏན་འབེབས་གནང་ཡོད་པ་རེད། སྔ་ལོའི་༡༩༠༠ བར་མ་གཏོགས་ཚན་རིག་པ་རྣམས་ཀྱིས་ཁོང་གི་གྲུབ་དོན་དེ་དག་ནང་དུ་འགལ་འདུ་དང་མི་མཐུན་པ་ཅུང་ཟད་ཀྱང་རྙེད་ཡོད་པ་མ་རེད། ཕྱིས་སུ་ཁོང་གིས་གཟའ་སྐར་དགུའི་ནང་ནས་ཉི་མ་དང་ཐག་ཉེ་ཤོས་ཀྱི་གཟའ་ལྷག་པའི་འགུལ་བསྐྱོད་བྱེད་སྟངས་སྐོར་ལ་མི་མཐུན་པ་ཕྲ་མོ་ཞིག་ཐོན་པ་དང༌། དེ་མིན་ཁོང་གི་གྲུབ་དོན་རྣམས་དུས་ད་ལྟའི་ཆ་ལའང་ང་ཚོས་དཀའ་ཚེགས་མེད་པར་ཉི་མ་དང་གཟའ་སྐར་རྣམས་ཀྱི་འཁོར་ཚུལ་ལ་འགྲེལ་བརྗོད་ཐུབ་པ་དེ་ནི་དམ་པ་དེ་ཉིད་ཀྱི་མཛད་རྗེས་ཡིན་པ་དེ་གསལ་པོར་མངོན།

སྐུ་ཞབས་ཨ་ཡིན་སི་ཊེན་མཆོག་གིས་མཛད་པའི་འཐེན་ཤུགས་ཀྱི་གྲུབ་དོན།

སྐུ་ཞབས་ཨ་ཡིན་སི་ཊེན་ནི་ ༡༩༡༥ ལོར་ཇར་མི་ནི་ནང་དུ་འཁྲུངས་ཤིང༌། དུས་རབས་དེའི་ནང་ཡོངས་སུ་གྲགས་པའི་ཚན་རིག་པ་སྙན་གྲགས་ཆེ་ཤོས་ཤིག་རེད། ཁོང་གི་གྲུབ་དོན་མང་པོ་ཡོད་པའི་ནང་ནས་གཙོ་བོ་ནི་སྤྱིར་བཏང་ལྟོས་གྲུབ་ཀྱི་ལྟ་བ་8ཞེས་པ་དེ་རེད། བར་སྣང་དང་དུས་ཚོད་འཁྱོག་པའི་ཕན་འབྲས་ལ་བརྟེན་ནས་འཐེན་ཤུགས་བྱུང་བ་དེ་སྤྱིར་བཏང་ལྟོས་གྲུབ་ཀྱི་ལྟ་བའི་བསམ་བློ་གཏོང་ས་གཙོ་བོའམ་གྲུབ་དོན་དེའི་ལྡེ་མིག་ལྟ་བུ་ཆགས་ཀྱི་ཡོད། ཨ་ཡིན་སི་ཊེན་ཁོང་གི་གྲུབ་དོན་ནང་དུ་འཐེན་ཤུགས་སྐོར་ཆ་ཚང་ཡོད་ཀྱང་སྐུ་ཞབས་ནེའུ་ཀྲོན་དང་ཁོང་གཉིས་ཀྱི་བར་ལ་རྩིས་ཀྱི་ཐོག་ནས་གྲུབ་འབྲས་ཅུང་མི་འདྲ་བ་ཐོན་ནས་ཡོད་པ་རེད།

ཁོང་གི་སྤྱིར་བཏང་ལྟོས་གྲུབ་ཀྱི་ལྟ་བ་དེ་གཙོ་བོ་ཚོད་དཔག་གཉིས་གཞིར་བཞག་ནས་གསུང་ཡོད།

༡ དང་པོ་ནི་བེམ་གཟུགས་དང་ནུས་པ་གང་དུ་ཡོད་པའི་གཞི་དེར་བར་སྣང་དང་དུས་ཚོད་གཉིས་དེའི་ཕྱོགས་སུ་འཁྱོག་ནས་ཡོད།
༢ གཉིས་པ་ནི་འདྲ་མཚུངས་ཀྱི་གཞི་རྩའམ་9ཞེས་ཀྱང་བརྗོད་ཀྱི་ཡོད། ལྟ་བ་དེས་འཐེན་ཤུགས་ཀྱི་ནུས་པ་དང་འགྲོ་འགྲོས་ཆ་ཚད་གཉིས་ཕན་འབྲས་མཉམ་པར་སྟོན་པ་དང༌། ལྟ་བ་དེ་ཤེས་པ་ལ། དཔེར་ན་ཁྱེད་རང་མགུལ་བསྐྱོད་མེད་པའི་མེ་ཤུགས་འཕུར་མདའ་ཞིག་གི་ནང་དུ་འཛམ་གླིང་ཕྱི་ཡི་བར་སྣང་སྟེང་དུ་གནས་ཚེ་དེར་འཐེན་ཤུགས་སམ་མྱུར་ཚད་ཡོད་པ་མ་རེད། དེའི་སྐབས་སྤོ་ལོ་ཞིག་གཡུག་པའི་ཚེ་དེ་བར་སྣང་དུ་ལྡིང་ནས་གནས་པ་ལས་ས་ལ་མི་ལྷུང༌། གལ་ཏེ་མེ་ཤུགས་འཕུར་མདའ་དེ་བར་སྣང་དུ་ཡར་བསྐྱོད་ནས་དེའི་མྱུར་ཚད་འཕར་ཚེ་སྔོན་གྱི་སྤོ་ལོ་ལྡིང་ནས་ཡོད་པ་དེའི་སྟེང་དུ་འཐེན་ཤུགས་གནོན་པའི་རྐྱེན་གྱིས་སྤོ་ལོ་དེ་ས་ལ་ལྷུང་ངེས་རེད། བརྟག་དཔྱད་དེ་ལ་བརྟེན་ནས་མྱུར་འགྲོས་ཆ་ཚད་ཀྱིས་ཀྱང་འཐེན་ཤུགས་དང་ཕན་འབྲས་ཀྱི་ནུས་པ་གཅིག་པ་བསྐྲུན་ཐུབ་པ་དེ་ཤེས་ཐུབ།

མདོར་ན་འཐེན་ཤུགས་ཞེས་པ་ནི། བེམ་གཟུགས་དེའི་ནང་དུ་ཡོད་པའི་མཱས་སམ་རྡུལ་དུ་གྲུབ་པ་ཇི་སྙེད་ཅིག་ཡོད་པ་རྣམས་ཀྱི་ཁྱོན་བསྡོམས་དེ་ལ་བརྟེན་ནས་བེམ་གཟུགས་ནང་ཕན་ཚུན་འཐེན་པའི་ནུས་པ་ཞིག་ལ་བརྗོད་ཀྱི་ཡོད། འཐེན་ཤུགས་ཡོད་པ་ལ་བརྟེན་ནས།
༡ འཛམ་གླིང་གི་ནང་དུ་ཡོད་པའམ་དེའི་ཉེ་འདབས་སུ་ཡོད་པའི་བེམ་གཟུགས་རྣམས་འཛམ་གླིང་གི་ཕྱོགས་སུ་འཐེན་པ་དང༌།
༢ འཐེན་ཤུགས་ལ་བརྟེན་ནས་ཉི་མའི་ནང་དུ་ཡོད་པའི་ཚ་དྲོད་རྣམས་གསོ་ཉར་ཐུབ་པ།
༣ དེས་གཟའ་དང་སྐར་མ་རྣམས་རང་སོ་སོའི་འཁོར་ཐིག་སྟེང་དུ་འཁོར་ནས་ཉི་མར་བསྐོར་བ་བྱེད་པ།
༤ དགུ་ཚིགས་སྐྱ་མོའི་ནང་གི་སྐར་ཚོགས་དུང་ཕྱུར་རྣམས་རང་རང་གི་འཁོར་ལམ་དུ་འཁོར་ནས་ཁ་མ་བྲལ་བའམ་མཉམ་དུ་གནས་ཐུབ་པ་སོགས་མདོར་ན་སྤོ་ལོ་གནམ་ལ་གཡུག་པ་ན་དེ་མཐའ་མ་ས་ལ་ལྷུང་བ་ལ་སོགས་པའི་དཔེ་མཚོན་ཆུང་ངུ་རྣམས་ཀྱང་འཐེན་ཤུགས་ཡོད་པ་ལས་བྱུང་བ་ཡིན་པས་དེའི་གནས་ལུགས་རྣམས་མཁྱེན་པར་མཛོད་ཅིག །
འཕྲོ་ཀློགས།

ཚེ་སྲོག་གི་འབྱུང་རིམ་དང་དེའི་འཕེལ་རིམ།

Friday, May 8, 2015

གདོད་མའི་འཇིག་རྟེན་ཁམས་ཀྱི་ཆགས་རིམ་ལོ་རྒྱུས་ནི་ད་དུང་གསལ་པོ་ཤེས་རྟོགས་མ་ཐུབ་པར་ཡ་མཚན་ཅན་ཞིག་ཏུ་སྣང༌། འཇིག་རྟེན་དང་ཉི་མའི་ཁྱིམ་རྒྱུད། རང་ཅག་གང་དུ་གནས་ཡུལ་རྒྱུ་སྐར་ཚེ་སྲོག་གི་ཐོག་མའི་འབྱུང་ཁུངས་ཀྱི་དངོས་ཡོད་ལོ་རྒྱུས་རྣམས། སྔ་དུས་འཇིག་རྟེན་འཕེལ་གྲིབ་ཤུགས་ཆེ་བྱུང་བའི་ཁྲོད་ཡལ་ནས་ད་ཆ་གསང་བའི་གནས་སུ་གྱུར། དེང་གི་ཆར་དངོས་ཡོད་ཀྱི་ལོ་རྒྱུས་ཀྱི་ཚབ་ཏུ་ང་ཚོར་ཡོད་པ་ནི་འཇིག་རྟེན་ཐོག་མ་ཇི་ལྟར་ཆགས་སམ་ཞེས་པ་དང༌། འཇིག་རྟེན་མ་ཆགས་སྔོན་དངོས་པོ་ཅི་ཞིག་ཡོད་དམ། ང་ཚོ་གནས་ཡུལ་རྒྱུ་སྐར་འདི་ཇི་ལྟར་བྱུང་ངམ་རྒྱུ་སྐར་འདིའི་སྟེང་ཚེ་སྲོག་ཐོག་མ་ཇི་ལྟར་བྱུང་ངམ་ཞེས་པ་ལྟ་བུའི་དྲི་བ་ཁོ་ན་ཡིན། དེའི་ཕྱིར་ཚན་རིག་མཁས་དབང་རྣམས་ཀྱིས་གནའ་ཤུལ་དངོས་རྫས་དང་དེ་མིན་དཔྱད་གཞི་ངེས་ཅན་དུ་མར་བརྟག་ཞིབ་བྱས་པ་ལས་དྲི་བ་སྣ་ཚོགས་ཀྱི་ལན་འཚོལ་ཞིབ་བྱས་ཡོད།

གས་འཐོར་1ཆེན་མོ་དང་འཇིག་རྟེན་ཆགས་རབས།

འཇིག་རྟེན་ནི་དགུ་ཚིགས་དང་སྐར་མ། བཅོས་མའི་རྒྱུ་སྐར། སྐར་མ་དུ་བ་མཇུག་རིང༌། རྒྱུ་སྐར་ཕྲ་མོའི་ཚོགས་སོགས་གནས་བཅའ་བའི་མུ་མཐའ་མེད་པའི་བར་གྱི་སྟོང་སངས་ཞིག་ཡིན། དེའི་ལོ་ཚད་ནི་མི་ལོ་དུང་ཕྱུར་ ༡༠༠༠༠ ནས་ ༢༠༠༠༠ ནང་འཚུད་ཡིན་པར་མི་རྣམས་ཡིད་ཆེད་བྱེད་བཞིན་ཡོད། དེའི་སྔོན་ལ་འཇིག་རྟེན་ནི་ཆེས་ཚ་བའི་ནུས་ལྡན་གྱི་རྫས་ཧ་ཅང་མཐུག་པའི་སྣང་སྲིད་ཀྱི་རྫས་དུམ་བུ་རྐྱང་པའི་གཟུགས་ལས་མ་འདས། གས་འཐོར་ཆེན་མོ་ཞེས་སྣང་སྲིད་ཀྱི་རྫས་དེ་འབར་གས་བྱུང་ནས་གློག་རྡུལ་དང༌། ཕོ་རྡུལ། མོ་རྡུལ་སོགས་གཞི་རྩའི་རྡུལ་ལས་འོད་ཟེར་ཕྱིར་འཕྲོས་ཏཻ་འཇིག་རྟེན་ཆགས་རབས་འགོ་ཚུགས།

དེའི་རྗེས་རྡུལ་དེ་དག་འཕོ་འགྱུར་སོང་བ་ལས་འོད་ཟེར་ཡང་འབར་ནུས་ལྡན་པའི་རླུང་ཞིག་དང་ཧི་ལི་ཡིམ། འབར་ནུས་བྲལ་བའི་རླུང་བཅས་སུ་གྲུབ་ཅིང་རྡུལ་ཕྲ་རབ་ཕྱིར་ཕྱུང་བ་ལས་དགུ་ཚིགས་གྲུབ། ཚོད་དཔག་བྱས་པར་གཞིགས་ན། གས་འཐོར་ཆེན་མོ་ལ་བརྟེན་ནས་དགུ་ཚིགས་དུང་ཕྱུར་ ༡༠༠༠༠༠ གསར་དུ་རྙེད་ཅིང་དགུ་ཚིགས་རེ་ནི་སྐར་མ་དུང་ཕྱུར་ ༡༠༠༠༠ ཚོགས་པའི་ཚོགས་པ་ཞིག་ཡིན། ང་ཚོའི་ཉི་མའི་ཁྱིམ་རྒྱུད་གནས་སའི་དགུ་ཚིགས་ལ་དགུ་ཚིགས་སྐྱ་མོ་ཞེས་འབོད་ཀྱིན་ཡོད།

ཕྱི་ལོ་ ༡༩༢༩ ལོར་སྐུ་ཞབས་ཨེ་ཌིསོན་ཧ་བལ་2མཆོག་གིས་དགུ་ཚིགས་ཚང་མ་ཆེས་མྱུར་པོར་གཡོ་འགུལ་བྱེད་པ་ཤེས་པ་དང་དེ་ལ་བརྟེན་ནས་འཇིག་རྟེན་གྱི་བཀོད་པ་རང་སོར་མི་སྡོད་པར་ཉིན་བཞིན་རྒྱ་བསྐྱེད་འགྲོ་བ་ཤུགས་ཀྱིས་ཤེས་རྟོགས་བྱུང་ཡོད།

ང་ཚོའི་ཉི་མའི་ཁྱིམ་རྒྱུད་ཀྱི་ཐོག་མའི་འབྱུང་ཁུངས།

ང་ཚོའི་ཉི་མའི་ཁྱིམ་རྒྱུད་ནི་དེའི་རྒྱུ་སྐར་གཟའ་ཆེན་པ་སངས་དང༌། གཟའ་ཆེན་ལྷག་པ། ས་ཡི་གོ་ལ། གཟའ་ཆེན་མིག་དམར། གཟའ་སྐར་ཕུར་བུ། གཟའ་ཆེན་སྤེན་པ། སྐར་མ་རྣམ་རྒྱལ། སྐར་མ་མཚོ་རྒྱལ། སྐར་མ་གཤིན་རྒྱལ་དང་དེའི་བཅོས་མའི་རྒྱུ་སྐར། དུ་བ་འཇུག་རིང༌། རྒྱུ་སྐར་ཕྲ་མོའི་ཚོགས་བཅས་བསྡུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། དཀར་སྤྲིན་གྱི་ཚོད་དཔག་གཞིར་བཞག་དང་བསྟུན་ན་དཀར་སྤྲིན་ཞེས་རྡུལ་དང་སོལ་རླངས་ལས་གྲུབ་པའི་གྲང་ལ་སྤྲིན་དཀར་འཁྲིགས་པ་ལྟ་བུའི་གོང་བུ་ཞིག་འཁུམ་བསྡུས་བྱུང་བ་ལས་ཉི་མའི་ཁྱིམ་རྒྱུད་ཆགས་པ་བརྗོད་ཀྱི་ཡོད། སོལ་རླངས་དང་རྡུལ་གཉིས་ཀྱི་ཐུན་མོང་གི་འཐེན་ཤུགས་ལས་འཁུམ་སྡུད་དང་རྡུལ་གྱི་གཞི་རྩའི་འགུལ་ཤུགས་མྱུར་ཚད་ཕྱོགས་སྡུད་བྱུང་རྐྱེན་དཀར་སྤྲིན་གྱི་འཁོར་འགྲོས་འགོ་བཙུགས། ཕྱོགས་སྡུད་བྱས་པའི་གོང་བུའི་ལྟེ་བའི་རྫས་ཀྱི་གར་རྫས་ཧ་ཅང་མཐུག་པས་ཟླུམ་པོའི་མུ་ཁྱུད་ཀྱི་དཀར་སྤྲིན་གྱི་གོང་བུ་ཆུང་ཆུང་རྣམས་ཀྱི་འཁོར་འགྲོས་ལས་ཐ་དད་པའི་འཁོར་སྐྱོད་གཞན་ཞིག་མངོན་དུ་གྱུར། དེ་ལྟ་བུའི་གོང་བུའི་དབུས་ཀྱི་ཚ་ཚད་ཤིན་ཏུ་ཆེ་བས་ཆེས་ཐོག་མའི་རྡུལ་ཕྲན་གྱི་ལྡོག་འགྲོ་3གསར་དུ་རྙེད་པ་ལས་རླབས་འགྱེད་ནུས་པ་ཕྱིར་འདོན་འགོ་ཚུགས་ཏེ་ཉི་མ་ཐོག་མར་བྱུང་བ་དང་དཀར་སྤྲིན་གོང་བུ་ཆུང་ཆུང་རྣམས་ཀྱི་རྫས་ཀྱི་གར་ཚད་མཐོ་རུ་སོང་ནས་རྒྱུ་སྐར་རྣམས་གྲུབ་པ་ལས་འཛམ་གླིང་འདི་ཡ་གྱལ་གཅིག་ཡིན།

སའི་གོ་ལའི་འབྱུང་ཁུངས་དང་དེའི་གནའ་དུས་ཀྱི་རླུང་ཁམས།

སའི་གོ་ལ་ནི་ལོ་ངོ་དུང་ཕྱུར་ ༤༥༠༠ སྔོན་ལ་བྱུང་བའི་ཉི་མའི་ཁྱིམ་རྒྱུད་ཀྱི་ཆ་ཤས་ཤིག་ཡིན། ཚན་རིག་མཁས་པ་ཁ་ཤས་ཀྱིས་འཛམ་གླིང་འདི་ཉི་མའི་གོང་བུ་ཞུན་མ་ལས་དུམ་བུར་གྱེས་པའི་ཆ་ཤས་ཤིག་ལས་གྲུབ་པར་ཡིད་ཆེས་བྱེད་པ་དང༌། ཁ་ཤས་ཀྱིས་སྣང་སྲིད་ཀྱི་རྡུལ་སྤྲིན་གྲང་མོ་ཞིག་རིམ་གྱིས་རྫས་ཀྱི་གར་ཚད་མཐོ་པོར་གྱུར་ནས་གྲུབ་པར་ཡིད་ཆེས་བྱེད་བཞིན་ཡོད། ཐོག་མར་འཛམ་གླིང་འདི་སོལ་རླངས་དང་རླངས་པ་སྣ་ཚོགས་ལྡན་པའི་མེ་ལྟར་དམར་བའི་རྡུལ་རྫས་རིལ་བུ་འཁོར་བསྐྱོད་ཅན་ཞིག་གི་གཟུགས་ལས་མ་འདས། རིམ་བཞིན་ལོ་ངོ་དུང་ཕྱུར་མང་པོ་བརྒྱུད་འབྱུང་བ་སྣ་ཚོགས་ཅན་གྱི་སོལ་རླངས་དང་རླངས་པ་རྣམས་ཞུན་མའི་སྙིང་པོར་བཅུར་བ་འབྱུང་བ་གཞན་རྣམས་རང་རང་གི་རྫས་ཀྱི་གར་ཚད་ལ་གཞིགས་ཏེ་ཆགས་རིམ་དེ་བཞིན་གྲུབ། རྫས་ཀྱི་ཤུགས་ལ་བརྟེན་ནས་ཉི་མའི་ཁྱིམ་རྒྱུད་མུ་མཐུད་བྱུང་བས་འོད་མདངས་བཀྲག་པའི་སྐར་མ་བྱུང་བ་དང་ཉི་མའི་ཁྱིམ་རྒྱུད་ཁྱོན་ཡོངས་ལ་འགྱུར་ལྡོག་ཤུགས་ཆེ་བྱུང༌། རྒྱུ་སྐར་ཕན་ཚུན་བར་གྱི་སྟོང་སང་ཁྲོད་སོལ་རླངས་དྭངས་མ་གང་སར་ཁྱབ། གལ་སྲིད་རྒྱུ་སྐར་དབར་སོལ་རླངས་དེ་ལྟར་མེད་པ་ན་འཛམ་གླིང་འདི་ནུས་ཤུགས་ཆེ་ལ་ཟིན་མི་ཐུབ་པའི་འོད་ཟེར་ཕྲ་མོའི་རྒོལ་རྡུལ་ལས་ཐར་བར་དཀའ། ཉི་མའི་ཁྱིམ་རྒྱུད་ཐད་འགྱུར་བ་དེ་ལྟར་བྱུང་བར་བརྟེན་འཛམ་གླིང་དང་དེའི་བཀོད་པ་འཛམ་གླིང་གི་ལྟེ་བའི་ཆ་ཤས་དང༌། ས་ཡོལ་ལམ་སའི་ཕྱི་ཤུན་དང་ནང་སྙིང་བར་ཧ་ཡང་དང་མེ་རྡོའི་རིགས་སོགས་ཀྱིས་ཕྱུག་པའི་ཕྱོགས་དང༌། ས་ཤུན།རླུང་ཁམས་བཅས་ཀྱི་ཆགས་རིམ་དེ་ལྟར་གྲུབ།

ཚེ་སྲོག་གི་ཐོག་མའི་འབྱུང་ཁུངས།

འཛམ་གླིང་གི་ཆགས་རིམ་འགོ་ཚུགས་ནས་བཟུང་ཁོར་ཡུག་གི་གནས་སྟངས་ལ་འཕོ་འགྱུར་ཤུགས་ཆེ་བྱུང་ནས་ཚེ་སྲོག་གི་ཐོག་མའི་འབྱུང་རབས་ཀྱི་དངོས་བྱུང་དཔང་རྟགས་རྣམས་བརླགས་ཏེ་ད་ཆ་ཆེས་ལྐོག་གྱུར་གྱི་གནས་སུ་གྱུར་བར་བརྟེན་ང་ཚོས་ཚེ་སྲོག་གི་འབྱུང་ཁུངས་ཀྱི་དངོས་འབྱུང་ལོ་རྒྱུས་དང་འཕེལ་རིམ་ཐད་རྗེས་སུ་དཔོག་པ་ཙམ་ལས་བྱ་ཐབས་བྲལ། གནའ་ཤུལ་དངོས་རྫས་ཐོར་བུ་རྙེད་སོན་བྱུང་བ་བཞིན་བྱས་ན་ཚན་རིག་པས་མི་ལོ་དུང་ཕྱུར་ ༣༠༠༠ ནས་ ༤༠༠༠ ཙམ་འདས་པའི་དངོས་པོར་རྗེས་གཅོད་ཐུབ་ཀྱང་ད་ལྟའི་ཆར་ཤུལ་རྫས་ཀྱི་དཔང་རྟགས་དུ་མ་བརྒྱུད་སའི་གོ་ལའི་སྟེང་ཚེ་སྲོག་བྱུང་ནས་ལོ་ངོ་ཧྲིལ་པོ་དུང་ཕྱུར་ ༤༢༠༠ ཙམ་སོང་བར་ཆ་འཇོག་བྱེད་ཀྱི་ཡོད།

རྒྱུ་སྐར་གཞན་དུ་ཚེ་སྲོག་བྱུང་སྲིད་པ།

ང་ཚོས་ཚེ་སྲོག་ཐོག་མར་ས་ཡི་གོ་ལའི་སྟེང་བྱུང་བ་ཡིན་ནམ། གནམ་གཞན་དུ་བྱུང་ནས་འདིར་འོང་བ་ཇི་ལྟར་ཡིན་མིན་ཤེས་རྟོགས་ཐུབ་མེད། རྒྱུ་སྐར་ཕན་ཚུན་དབར་དང་འོད་ཟེར་གྱི་ཉེན་ཁ་ཆེ་ལ་རྒྱ་ཆེ་བའི་བར་སྣང་ཁྲོད་རླུང་མེད་པ་མ་ཟད་ཚ་ཚད་ཆེ་བས་ཚེ་སྲོག་ཇི་ལྟར་ཡང་སའི་གོ་ལའི་སྟེང་འགྲུལ་བཞུད་ཐུབ་པ་ནི་བསམ་ཡུལ་ལས་འདས་པ་ཡིན། འོན་ཀྱང་ཉེ་དུས་གནའ་ཤུལ་དཔང་རྟགས་དུ་མར་བརྟག་ཞིབ་བྱས་པ་བརྒྱུད་གཟའ་ཆེན་སྤེན་པ་དང༌། པ་སངས་སྟེང་ཕལ་ཆེར་སྲོག་ཆགས་བྱུང་སྐོར་བསྟན་ཡོད། སྐྱེ་ལྡན་རྡུལ་རྫས་5དང༌། ན་རླངས་ཞེས་པ་གཟའ་ཆེན་དེ་གཉིས་དང་སྐར་མ་ནང་ཁུལ་གྱི་བར་སྣང་ཁྲོད་ནས་རྙེད་སོན་བྱུང་ཡོད། སའི་གོ་ལའི་སྟེང་འབྱུང་བའི་སྐྱེ་རྡུལ་ཅན་གྱི་གནམ་རྡོ་དང༌། གཟའ་ཆེན་སྤེན་པ། ཟླ་བ། ཕུར་བུ་བཅས་ཀྱི་སྟེང་ཆུ་ཡོད་པ་སོགས་ཀྱི་དཔང་རྟགས་དང་ཉམས་ཞིབ་དུ་མ་བྱས་པ་ལས་བར་སྣང་ཕྱི་མར་ཚེ་སྲོག་བྱུང་སྲིད་པའི་སྐོར་བརྗོད་ཡོད།

ཚེ་སྲོག་གི་འབྱུང་ཁུངས་བཀྲལ་བའི་རྣམ་བཞག

ཚེ་སྲོག་གི་འབྱུང་ཁུངས་བཀྲལ་བའི་རྣམ་བཞག་དུ་མ་གཏན་འབེབས་བྱས་པ་ལས་ཁ་ཤས།

ཀ༽ ཐུན་མིན་གྱི་གསར་གྲུབ་རྣམ་བཞག ལུགས་འདིས་ཚེ་སྲོག་གི་དབྱིབས་སྣ་ཚོགས་པ་ཀུན་གྱི་བྱེད་པོ་དཀོན་མཆོག་ཡིན་པར་གྲགས་ཀྱང་རྒྱུ་མཚན་ལྡན་པའི་དཔང་རྟགས་ཅི་ཡང་མེད།

ཁ༽ རང་འགུལ་སྐྱེ་འཕེལ་གྱི་རྣམ་བཞག ལུགས་འདིར་ཐོག་མའི་ཚེ་སྲོག་བེམ་པོ་ལས་རང་འགུལ་གྱི་སྐྱེ་འཕེལ་བྱེད་ཀྱི་ཡོད་ཟེར། དཔེར་ན། སྐྱེ་དངོས་ཕྲ་རབ་དང་དེ་མིན་སྲོག་ཆགས་རྣམས་སྲོག་མེད་དངོས་པོ་རྩི་ཤིང་རུལ་བ་དང་དུད་འགྲོ་འཆི་ནས་རུལ་བ་སོགས་ལས་རང་འགུལ་གྱིས་སྐྱེ་བར་འདོད། གྷི་རི་སིའི་ལྟ་གྲུབ་སྨྲ་བ་ཐེལས་དང་པི་ལ་ཊོ་སོགས་ཀྱིས་སྨུག་པའི་བུ་མོ་དང་ཉ། སྦལ་སོགས་འདམ་བག་ལས་རྩོལ་མེད་དུ་སྐྱེས་ཟེར། ཚུལ་འདི་མཁས་དབང་ཕརེན་སིས་ཁོ་རེ་ཌི་དང་ལཡོན་རེས་ཅིཡོར་སོགས་ཀྱིས་རྒྱུ་མཚན་ལྟར་སྣང་དུ་མཐོང་ནས་དོར།

ག༽ སྐྱེ་དངོས་རིགས་མཐུན་ལས་སྐྱེ་ཚུལ་གྱི་རྣམ་བཞག ལུགས་འདིས་ཚེ་སྲོག་ནི་སྔོན་གནས་རིགས་མཐུན་གྱི་ཚེ་སྲོག་ལས་བྱུང་བར་འདོད། རིགས་མཐུན་ལས་སྐྱེ་ཚུལ་རྣམ་གཞག་གི་དཔྱད་པ་དང་པོ་ཕརེན་སིས་ཁོ་རེ་ཌི་ཤ་འབུ་ཤ་ལས་མི་སྐྱེ་བ་ར་སྤྲོད་བྱས་ཡོད། གལ་ཏེ་ཤ་ཚོས་མ་ཞིག་བུམ་པའི་ནང་དུ་ཁ་དམ་པོར་བརྒྱབ་ནས་ག་ཚོད་ཉར་ཡང་སྦྲང་བུ་སྐྱེ་མི་ཐུབ་པ་དང་ཁ་ཕྱེ་བའི་ནང་ཉར་ན་སྦྲང་བུ་ཆགས་ཀྱི་ཡོད་པ་ནི་ཤའི་དྲི་མར་སྦྲང་བུ་འཁོར་ནས་སྒོ་ང་བཏང་ཏེ་སྦྲང་ཕྲུག་སྐྱེ་ཚུལ་ར་སྤྲོད་བྱས་ཡོད།

ང༽ རྒྱུ་སྐར་ཕན་ཚུན་བར་གནས་པའི་དངོས་པོར་བརྟག་པ། ལུགས་འདིས་ཚེ་སྲོག་ནི་སྔ་ཕྱི་བར་གསུམ་འཇིག་རྟེན་ན་གནས་པར་ཆ་འཇོག་བྱེད་ཀྱི་ཡོད། དེ་ཡང་གནམ་རྡོ་བརྒྱུད་སྣང་སྲིད་ཀྱི་གཟུགས་ལས་འཛམ་གླིང་ནང་ཚེ་སྲོག་འོང་བ་ཡིན་ཟེར། དཔེར་ན། དབྱིན་ཇིའི་རྒྱལ་ས་པཱེ་རིས་ནང་ལྷུང་བའི་ཨོར་གེ་ནལ་གནམ་རྡོ་སྐྱེ་ལྡན་བསྡེབས་རྫས་༦ཡོད་པ་གསར་རྟོགས་སྐོར་དང་ཨོས་ཀྲོ་ལི་ཡེ་ནང་ལྷུང་བའི་མར་ཆི་སོན་གནམ་རྡོར་སྐྱུར་རྫས་འབོར་ཆེན་ཡོད་པ་ཤེས་རྟོགས་བྱུང་ཟེར་བ་རེད།

ཅ༽ སྐྱེ་ལྡན་རྫས་སྦྱོར་ལས་ཚེ་སྲོག་གི་འབྱུང་ཁུངས། རྫས་སྦྱོར་གྱི་འཕེལ་རིམ་རྣམ་གཞག་ནི་ཕྱི་ལོ་ ༡༩༢༤ ནས་ ༡༩༢༨ ལོར་ཨོ་པ་རིན་དང་ཧེལ་ཌ་ལེན་གཉིས་ནས་རང་རྐྱ་བར་གྲོས་འདོན་བྱས་པ་ཞིག་ཡིན། འདིས་ཚེ་སྲོག་ནི་ལོ་ངོ་དུང་ཕྱུར་༤༢༠༠ སྔོན་ལ་རྒྱ་མཚོའི་ནང་གི་བེམ་རྫས་རྐྱང་པ་རིམ་འགྱུར་འབྱུང་བ་ལས་སྐྱེས་པ་ཡིན་ཟེར་བ་ལྟ་བུའི་འདོད་ཚུལ་
དུ་མ་ཡོད་པ་བཅས་སོ།།
འཕྲོ་ཀློགས།

རྡུལ་ཕྲན་རྐྱང་པའི་འཇིག་རྟེན་ཞེས་པའི་བཀའ་སློབ་ལས་བསྒྱུར།

Friday, May 8, 2015

སྤྱིར་ང་རང་ཚན་རིག་གི་སློབ་སྦྱོང་ལ་གོམས་འདྲིས་གང་ཡང་མེད། ཡིན་ནའང་ངའི་ཤེས་ཡོན་དེ་རྣམས་ཚན་རིག་གི་དུས་དེབ་ཁག་གི་གལ་ཆེའི་ཚན་རིག་གི་གནས་ཚུལ་ཀློག་པ་དང༌། BBC གློག་འཕྲིན་ལས་གསར་འགྱུར་ཉན་པ། ཕྱིས་སུ་གཟའ་སྐར་དཔྱད་ཞིབ་རིག་པའི་སྐོར་གྱི་དེབ་སོགས་བཀླགས་པ་ལས་བྱུང་བ་རེད། ཉེ་བའི་ལོ་ངོ་སུམ་ཅུའི་ནང་ངས་ཚན་རིག་པ་མང་པོ་དང་ལྷན་དུ་ཐུག་འཕྲད་དང་བགྲོ་གླེང་བྱེད་རྒྱུ་བྱུང་བའི་སྐབས་ལ་ངས་རྟག་ཏུ་ཚན་རིག་གི་རྨང་གཞིའི་དཔེ་མཚོན་དང༌། ཚན་རིག་པའི་བསམ་བློ་གཏོང་ཕྱོགས་སྤྱི་དང་བྱེ་བྲག་ཏུ་ཚན་རིག་གི་རྣམ་བཞག་གམ་གསར་གཏོད་ལག་བསྟར་བྱེད་ཚུལ་ལས་དགེ་ཚན་ལེན་ཐབས་བྱས་པ་ཡིན། ཡིན་ནའང་ང་ལ་ཚན་རིག་གི་གོ་བ་ཟབ་མོ་གང་ཡང་མེད། དེ་རྣམས་དངོས་སུ་བེད་སྤྱོད་བྱེད་སྟངས་ཤེས་རྟོགས་བྱེད་རྒྱུ་ཙམ་མིན་གྱི་ད་དུང་དེ་ལས་གལ་ཆེ་བའི་དྲི་བ་ཞིག་ཡོད་པ་དེ་ནི་དེས་མིའི་སྤྱོད་ལམ་དང་རིན་ཐང་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་ཤེས་དགོས། ངའི་སློབ་ཚན་ནི་ནང་ཆོས་ཀྱི་སྐོར་ཡིན་ཀྱང༌། སློབ་ཚན་བྱེ་བྲག་པ་གཙོ་བོ་རྡུལ་ཕྲ་རབ་དངོས་ཁམས་རིག་པ་དང༌། འཇིག་རྟེན་ཆགས་རབས་ཀྱི་རིག་པ། སྐྱེ་དངོས་ཚན་རིག་དང་དེའི་ནང་གི་ཀླད་པའི་ཚན་རིག་དང་སེམས་ཁམས་རིག་པ་སོགས་ལ་དམིགས་བསལ་མྱུལ་ཞིབ་བྱེད་མྱོང༌།

ལོ་མང་པོའི་རྗེས་ལ་ང་རྒྱ་གར་ནང་དུ་འབྱོར། དེའི་སྐབས་ ༡༩༤༠ གཡས་གཡོན་དུ་བྲིས་པའི་བོད་ཀྱི་མཁས་པ་རྣམས་ཀྱི་ངོ་སྤྲོད་གཏམ་གླེང་ཡོད་པའི་ཡི་གེ་ཞིག་ལག་ཏུ་རགས་བྱུང༌། ཡི་གེ་འདི་ནི་མཁས་དབང་དགེ་འདུན་ཆོས་འཕེལ་ལགས་ཀྱིས་བྲིས་གནང་བ་ཞིག་རེད་འདུག ཁོང་ནི་རྒྱ་གར་ལེགས་སྦྱར་སྐད་ལ་སྦྱངས་པ་ཆེ་བ་དང་ཁོ་རང་གི་དུས་སྐབས་ཀྱི་ནང་བོད་ལ་ཡོད་པའི་གཟེངས་སུ་ཐོན་པའི་བོད་ཀྱི་མཁས་དབང་ཞིག་རེད། ཁོང་ ༡༩༣༠ ནང་རྒྱ་གར་དང༌། ཨཕ་གན། བལ་ཡུལ། སིང་ག་ལ་སོགས་པའི་ཡུལ་གྲུ་མང་པོའི་ནང་དུ་འགྲུལ་བསྐྱོད་རྒྱ་ཆེར་གནང་ཡོད། ཡི་གེ་དེ་ནི་ཁོང་གིས་མི་ལོ་བཅུ་གཉིས་ཙམ་འགྲུལ་བསྐྱོད་གནང་བའི་མཐར་བྲིས་གནང་བ་ཞིག་རེད་འདུག དེས་ང་ཧང་སང་དགོས་པ་ཞིག་བྱུང༌། དེའི་ནང་དུ་ནང་ཆོས་དང་དེང་དུས་ཚན་རིག་དབར་འབྲས་བུ་སྨིན་ཐུབ་པའི་གྲོས་སྡུར་བྱེད་པའི་རྨང་གཞི་མང་པོ་གསལ་ཁ་དོད་པོར་གསུངས་འདུག དེ་བས་དགེ་འདུན་ཆོས་འཕེལ་ལགས་དང་ངའི་མཐོང་ཚུལ་གཉིས་ཧ་ཅང་གི་མཐུན་པོ་ཡོད་པ་ངས་ཤེས་རྟོགས་བྱུང༌། ཡ་ང་བ་ཞིག་ལ་ཡི་གེ་དེས་བོད་ནང་དུ་ཡིད་མགུ་ཐུབ་པ་ཞིག་མ་བྱུང་བ་རེད། གང་ཡིན་ཞེ་ན་ཕྱོགས་གཅིག་ནས་ང་ ༡༩༥༩ ལོར་བཙན་བྱོལ་དུ་མ་སླེབས་པའི་སྔོན་དུ་བོད་ནང་དུ་ཡི་གེ་དེ་འགྲེམས་སྤེལ་མ་བྱུང་བ་རེད། ཡིན་ནའང་ཡིད་མགུ་བ་ཞིག་ལ་ངས་ཚན་རིག་གི་ཡུལ་གྲུ་དེའི་ནང་ཞུགས་པ་དེ་ང་རང་གི་མི་རབས་ཀྱི་ལམ་ལུགས་སྲོལ་ཞིག་གི་རྗེས་སུ་འབྲངས་པ་ལྟ་བུ་རེད་འདུག ད་དུང་དགེ་འདུན་ཆོས་འཕེལ་ལགས་ནི་ངའི་ཕ་མེས་ཀྱི་ཡུལ་མདོ་སྨད་ནས་ཕེབས་པ་ཞིག་རེད། དེར་བརྟེན་ཡི་གེ་དེ་བྲིས་ནས་དུས་ཡུན་རིང་པོ་སོང་བའི་མཐར་ང་རང་ལ་རག་པ་དེ་ཡིད་ལ་འཐད་པའི་དུས་སྐབས་ཞིག་རེད།

ང་རང་ལ་དངོས་སུ་བྱུང་བའི་བསུན་གཏམ་ཞིག་དྲན་བྱུང༌། དེ་ནི་ལོ་ཤས་སྔོན་ལ་ཨ་རིའི་སྐྱེ་དམན་བོད་པ་དང་གཉེན་སྒྲིགས་བྱས་པ་ཞིག་གིས་ངས་ཚན་རིག་ལ་དོན་གཉེར་དང༌། ཚན་རིག་པ་རྣམས་དང་བགྲོ་གླེང་བྱེད་འདོད་ཡོད་པའི་སྐད་ཆ་ཐོས་སྐབས་མོས་ང་ལ་ཉེན་ཁ་ཆེ་བའི་ཚན་རིག་གིས་ནང་ཆོས་གནས་པ་ལ་བར་གཅོད་བྱེད་ཀྱི་རེད་ཅེས་སྔོན་བརྡ་བཏང་བྱུང༌། མཽས་རྒྱལ་རབས་ཐོག་ནས་ཚན་རིག་ཟེར་བ་དེ་ཆོས་ཚར་གཅོད་མཁན་ཡིན་པ་ཞིག་ལ་ར་སྤྲོད་དཔང་པོ་བྱེད་ཀྱི་ཡོད་པ་དང་༧གོང་ས་མཆོག་ནས་ཆེད་ལས་དེ་བྱེད་མཁན་གྱི་འཐུས་མི་རྣམས་དང་མུ་མཐུད་གྲོགས་འགྲིགས་གནང་བ་དེ་སྤྱང་པོ་མ་རེད་ཅེས་བསླབ་བྱ་བྱས་བྱུང༌། ངས་ཚན་རིག་ལ་དོ་སྣང་བྱེད་རྒྱུའི་ཀུན་སློང་དེ་ཡང་ང་རང་སྒེར་གྱི་དོན་ལས་ཀྱང་ལྷག་པ་ཡིན། ང་བཙན་བྱོལ་དུ་མ་སླེབས་པའི་གོང་ནས་ང་དང་བོད་མི་རྣམས་ལ་སྲིད་དོན་གྱི་དཀའ་ངལ་ཕྲད་པ་དེ་ཡང་དེང་དུས་ཀྱི་བསྒྱུར་བཅོས་ལ་ཁ་གཏད་མ་ཐུབ་པ་དེས་བྱུང་བ་གསལ་པོར་ཤེས་རྟོགས་བྱུང༌། དེར་བརྟེན་ང་བཙན་བྱོལ་དུ་འབྱོར་མ་ཐག་བཙན་བྱོལ་དུ་ཡོང་བའི་ཕྲུ་གུ་ཚོར་སློབ་གྲྭ་གསར་དུ་བཙུགས་པ་དང་དེང་དུས་ཀྱི་བྱེད་སྒོ་ཚན་རིག་གི་སློབ་སྦྱོང་ཐེངས་དང་པོ་སྤྲད་པ་རེད། དེ་རྗེས་གཞི་ནས་ངས་ཡར་ཐོན་དགོས་པའི་སྙིང་པོ་དེ་དེང་དུས་ཀྱི་སློབ་སྦྱོང་ལ་རག་ལས་པ་དང་དེ་ཡང་ཚན་རིག་དང་འཕྲུལ་ཆས་ཀྱིས་དབང་བསྒྱུར་ཡོད་པ་ངོ་སྤྲོད་ཐོབ་བྱུང༌། དེར་བརྟེན་ང་རང་སྒེར་གྱི་ངོས་ནས་ཀྱང་ཚན་རིག་གྱི་སློབ་སྦྱོང་ལ་སྤྲོ་བ་དང་དགོན་སྡེ་ཁག་ལའང་གཙོ་བོའི་དམིགས་ཡུལ་ནི་སྔ་རབས་ཀྱི་ནང་ཆོས་སློབ་སྦྱོང་བྱེད་རྒྱུ་དེ་ཡིན་ཀྱང་དེང་དུས་ཀྱི་ཚན་རིག་སློབ་སྦྱོང་གི་བྱེད་སྒོ་རྣམས་ལ་ཡང་དོན་གཉེར་བྱེད་རྒྱུའི་སྐུལ་མ་ཡང་བཏང་པ་ཡིན། ཚན་རིག་གི་ཁེ་ཕན་ཆེ་ཤོས་ཤིག་ནི་མིའི་ལུས་པོའི་སྡུག་བསྔལ་གྱི་བྱ་བ་མང་པོ་ཞིག་ཡང་དུ་གཏོང་རྒྱུར་མཐུན་སྦྱོར་ཧ་ལས་པ་སྐྲུན་གྱི་ཡོད། ཚིག་གཞན་ཞིག་ཞུས་ན་མིའི་རྩ་བའི་ཆེ་མཐོང་ཡར་རྒྱས་གཏོང་ཐབས་དེ་མིའི་སྤྱི་ཚོགས་ལ་བདེ་བ་འབྱུང་བའི་རྒྱུ་མེད་དུ་མི་རུང་བ་ཞིག་རེད། དེར་བརྟེན་མིའི་བདེ་སྐྱིད་ཀྱི་བྱུང་རིམ་ལ་བལྟས་ན་ཚན་རིག་དང་ཆོས་ཕྱོགས་གཉིས་འབྲེལ་མེད་མིན་པར། ང་ཚོར་དེ་གཉིས་ཀ་ཉེ་བར་མཁོ་བ་ཡིན་ཏེ་ལུས་དང་སེམས་ཀྱི་སྡུག་བསྔལ་གཉིས་ཀ་སྡུག་བསྔལ་ཡིན་པས་དེ་ཞི་བ་ཞིག་དགོས་པས་ཡིན།

དེབ་འདི་ནི་ཆོས་དང་ཚན་རིག་གཉིས་ཟླ་སྒྲིལ་གཏོང་བར་འབད་རྩོལ་བྱས་པ་མིན་པ་དང༌། དེ་བཞིན་དེ་གཉིས་དབར་གྱི་ཁྱད་པར་གང་ཡོད་མེད་སྐོར་ལའང་འགྲེལ་བརྗོད་བྱས་པ་མིན། ངས་དེ་ཚོ་ནི་ཆེད་ལས་མཁན་ཚོའི་ལས་འགན་ཞིག་ལ་བརྩི་འཇོག་བྱེད་ཀྱི་ཡོད། ཆོས་དང་ཚན་རིག་གཉིས་ལ་ཁྱད་པར་ཡོད་ཀྱང་དངོས་པོའི་གནས་ཚོད་དང་བདེན་པ་འཚོལ་བ་ལ་གཉིས་ཀས་དམིགས་ཡུལ་གཅིག་ཏུ་བཟུང་ནས་དཔྱད་ཞིབ་བྱེད་པ་མཚུངས་པ་རེད། དེའི་ཕྱིར་དེ་གཉིས་ཕན་ཚུན་ལེགས་ཆ་ལེན་རེས་དང་མཉམ་དུ་མིའི་ཤེས་ཡོན་རྒྱ་བསྐྱེད་གཏོང་ཐབས་ལ་མཉམ་ཞུགས་བྱེད་ཐུབ། ད་དུང་བསླབ་ཁྲིམས་མི་འདྲའི་ལྟ་གྲུབ་གཉིས་དབར་གྲོས་སྡུར་བྱེད་པའི་ཚེ། ཚན་རིག་དང་ནང་ཆོས་གཉིས་ཀས་འགྲོ་བ་མིའི་རིགས་ལ་ཕན་ཐོགས་དང་ཞབས་འདེབས་གང་ལེགས་ཞུ་ཐུབ་ཀྱི་ཡོད་པར་ངས་རེ་བ་ཆེན་པོ་ཡོད། དེའི་ཐོག་ངའི་ངོས་ནས་ཡུལ་གྲུ་ཁག་ལ་གནས་པའི་ངའི་ཆོས་གྲོགས་རྣམས་པས་ཀྱང་ཚན་རིག་ལ་སྣང་ཆུང་མ་བྱས་པར་དེའི་རྨང་གཞིའི་ལྟ་གྲུབ་ཁག་ལ་ངེས་པར་ཁས་ལེན་བྱ་རྒྱུར་ནན་ཏན་བྱས་ནས་ཞུ་ཡི་ཡོད།

སྨྲས་པ།

ཕྱོགས་གླང་ཆོས་ཀྱི་གྲགས་པ་ལས་བརྒྱུད་པའི།།
སྣ་ཚོགས་རིགས་པའི་སྒྲོན་མེ་ལ་བརྟེན་ནས།།
སྡུག་གིས་གཙེས་པའི་སྙིགས་མའི་འགྲོ་དག་ལ།།
རྟེན་འབྱུང་ཆོས་ཀྱི་ལམ་སྟོན་འདི་ལྟར་མཛད།།
འཕྲོ་ཀློགས།